ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
ཞིབ་དཔྱོད་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ།
འདི་ནི་ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་མ་བབས་པའི་མིའི་ཉེས་དོན་ཞིབ་དཔྱད་ལས་དོན་གྱི་ལས་བྱེད་ཉེན་རྟོག་པ་སློབ་གྲྭར་བསྐྱོད་དེ་ན་སོ་དར་ལ་མ་བབས་པའི་མིའི་ཁ་བསླུས་འགོག་རྒོལ་དང་མགོ་སྐོར་འོག་མི་ཚུད་པར་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བཞིན་པ།
ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱས་ནས་སྡེ་ཁུལ་ཡོ་བསྲང་གི་མཉམ་ཤུགས་ཆགས་པར་བྱས་པ།
ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྡེ་ཁུལ་གྱི་ཡོ་བསྲང་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
ཆུ་ཤུར་རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་ཆེད། ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་ཁྲིམས་འཛིན་ཅུས་དང་ཤང་དང་གྲོང་རྡལ་ཁག་གི་ཁྲིམས་འཛིན་ཁང་གི་རྒྱུན་གཏན་གྱི་ཡོ་བསྲང་ལྟ་འདོམས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། སྡེ་ཁུལ་གྱི་ཡོ་བསྲང་གནད་དོན་གྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ལྟ་འདོམས་གནད་ལ་མི་འཁེལ་བའི་གནས་ཚུལ་ཁག་གཅིག་ཤེས་རྟོགས་བྱུང་ཚེ། ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ《ཞིབ་དཔྱོད་ཀྱི་གྲོས་འགོའི་ཡི་གེ》བཏོན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་དག་ཐེར་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་9སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་གསོ་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་ཞིབ་དཔྱོད་ཁང་གི་ཉེས་དོན་ལག་བསྟར་ལས་བྱེད་པ་དང་ཉེན་རྟོག་པས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིབ་ཕྲའི་བླང་བྱ་བསྐྱར་བསྒྲགས་བྱས་ཏེ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལྷག་བསམ་རྣམ་དག་གིས་འགྱོད་བཤགས་དང་། ལྟ་སྐུལ་དོ་དམ་ལ་བརྩི་སྲུང་། སྒྱུར་བཀོད་དང་ལེན་བཅས་བྱེད་དགོས་པའི་སློབ་གསོ་བཏང་བ་རེད།
ཞིབ་དཔྱོད་ལས་སྒོའི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་གྱོད་སྒྲུབ་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།
ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་2024ལོའི་ཞིབ་དཔྱོད་ལས་སྒོའི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་། ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་ཅན་ཁྲ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞིའི་སྤུས་ཚད་ལ་གདེང་འཇོག་བྱེད་པའི་དམིགས་ཚད་གཙོ་བོར》གསལ་འགྲེལ་བྱས་པ་རེད། ཚོགས་འདུའི་ཐོག་ལས་སྒོའི་གྲངས་གཞིའི་གཞི་རྩའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཚོགས་ཞུགས་མི་སྣས་ལྷག་པའི་གནད་དོན་དང་མི་འདང་བའི་ཆར་ཕྱོཌ་ཡོངས་ནས་དབྱེ་ཞིབ་བྱས་པ་མ་ཟད། ལག་ལེན་དུ་འཁྱོལ་ཐུབ་པའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་ཡང་བཏོན་པ་རེད། ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཝང་ཡུང་ཞང་གིས་ལས་སྒོའི་དོ་དམ་མུ་མཐུད་ལེགས་སུ་གཏོང་བ་དང་། གྱོད་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཕྱི་ནང་མཉམ་འགུལ་ལ་ཤུཌ་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
“གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན”གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིས་ཁ་བསླུས་ལ་འགོག་རྒོལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ།
སློབ་དུས་གསར་པ་འགོ་ཚུགས་པ་དང་བསྟུན་ནས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁ་བསླུས་ལ་འགོག་རྒོལ་དང་མགོ་སྐོར་འོག་མི་ཚུད་པ་བྱེད་པའི་འདུ་ཤེས་དང་ཟབ་ཏུ་གཏོང་ཆེད། ཞིབ་དཔྱོད་ཁང་གི་ན་སོ་དར་མ་མ་བབས་པའི་མིའི་ཉེས་དོན་ཞིབ་དཔྱད་ལས་དོན་གྱི་ལས་བྱེད་ཉེན་རྟོག་པ་ཆུ་ཤུར་རྫོང་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་སློབ་མ་120ལྷག་ཙམ་ལ་གསོན་ཉམས་དོད་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་སློབ་ཚན་ཞིག་འཚོགས་པ་རེད། སློབ་ཚན་ཐོག་སྒྲོག་འགྲེལ་པས་བརྙན་ལམ་ལ་ལྟ་བ་དང་། འབྲེལ་ཡོད་ནང་དོན་འགྲེལ་བཤད་རྒྱག་པ། གྱོད་དཔེ་སྤྱད་དེ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་གྲོགས་ཚོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་རིགས་དང་འགོག་ཟོན་བྱེད་ཐབས་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་མ་ཟད། དྲི་བར་ལན་འདེབས་པ་དང་བྱ་དགའ་ཆུང་ངུ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་ཡོད།
“གཞི་རིམ་དུ་སྐྱོད་པ་བཞིའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ།
ཞིབ་དཔྱོད་ཁང་གིས་ཆུ་ཤུར་གྲོང་ཚོས་གཉེར་བའི“གཞི་རིམ་དུ་སྐྱོད་པ་བཞིའི”འགན་གཙང་ལེན་པའི་ཚན་པའི་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཏེ། ཏང་ཙུའི་ཁོངས་མི་དང་། ཅན་ཁྲ་ཀྲང་གཞོན་པ། རིམ་བཞིའི་མཐོ་རིམ་ཞིབ་དཔྱོད་དཔོན་བཅས་ཡིན་པའི་ཉི་མ་སྒྲོལ་དཀར་གྱིས་ཁྲིམས་སྐྱོང་སྐོར་སྒྲོག་འགྲེལ་བྱས་པ་རེད། ཞིབ་དཔྱོད་དཔོན་གཞོན་པ་ཉི་མ་སྒྲོལ་དཀར་གྱིས་མང་ཚོགས་ལ་ཞིབ་དཔྱོད་ཁང་གི་འགན་ནུས་ངོ་སྤྲོད་དང་གྱོད་དཔེ་ངོ་མ་དང་ཟུང་འབྲེལ་གྱིས་ཉེན་ཁ་ཆེན་པོས་རླངས་འཁོར་གཏོང་བ་དང་། འགྲིམ་འགྲུལ་ལས་འཛོལ། རྐང་བཙུགས་ནས་གནོད་འཚེ་གཏོང་བ་སོགས་ཉེས་དོན་གྱོད་གཞིར་གསལ་འགྲེལ་བྱས་པ་མ་ཟད། ཁ་བསླུས་འགོག་ཟོན་གྱི་བཅའ་ཁྲིམས་ཤེས་བྱ་བསླབས་ནས་མང་ཚོགས་ལ་བཅའ་ཁྲིམས་སྦྱངས་ནས་སོ་སོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།
གོང་གསལ་གྱི་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད། ཆུ་ཤུར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་ཞི་མཐུན་ལ་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ཆུ་ཤུར་རྫོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད། ཝང་ཡུང་ཞང་གིས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ། “སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་བསྐངས་ཏེ། ཁྲིམས་ལྟར་རྫོང་སྐྱོང་བ་དང་དུས་བདེའི་ཆུ་ཤུར་སྐྲུན་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།