དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སས་གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ། གྲོང་མི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ཟླ་4པའི་ཟླ་མཇུག་ནས་བཟུང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་སྒུལ་འཁོར་གསུམ་དང་འཁོར་བཞིར་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་བྱས་པ་རེད། མིག་སྔར། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་གང་དག་ཐོན་ཡོད་དམ། གློག་སྒུལ་འཁོར་གསུམ་དང་འཁོར་བཞི་གཞུང་ལམ་ཐོག་སྐྱོད་པར་ཆ་རྐྱེན་གང་དག་འཛོམས་དགོས་སམ། ཁྲིམས་འགལ་ཚོང་གཉེར་བྱེད་པའི་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་བསྡད་ན་ཉེན་ཁ་གང་དག་ཡོད་དམ། གནད་དོན་དེ་གསུམ་པོར་དམིགས་ནས་གསར་འགོད་པས་བཅར་འདྲི་ཞིབ་ཕྲ་བྱས་པ་རེད།

    སྡེ་ཚན་མང་པོས་མཉམ་འབྲེལ་ཁྲིམས་སྒྱུར་བྱས་པས་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཁག་170ལྷག་ཙམ་རྩད་ཆོད་པ།

    ཟླ་6ཚེས་19ཉིན་གྱི་ཆུ་ཚོད་18ཙམ་ལ་གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅང་སུའུ་ཤར་ལམ་དང་ཀརྨ་དགོན་གསར་ལམ་གྱི་ལམ་མདོར་བསྐྱོད་པ་ཡིན། ང་ཚོ་སླེབས་སྐབས་ལས་ཐག་བཅད་པའི་དུས་ཚོད་དང་ཏག་ཏག་འཁེལ་བས་གཞུང་ལམ་ཐོག་རླངས་འཁོར་མང་བའི་སྒང་རེད་འདུག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་འགྲིམ་འགྲུལ་བཀོད་གཏོང་བྱེད་ཞོར་དུ་གློག་སྒུལ་འཁོར་གསུམ་དང་འཁོར་བཞིར་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བཞིན་མཆིས།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནང་གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་འཁོར་བྱང་དང་ལག་ཁྱེར་དང་། ཁྲིམས་འགལ་ངང་མི་བླུགས་པ། ལྡོག་ཕྱོགས་སུ་བསྐྱོད་པ། འགྲིམ་འགྲུལ་གློག་སྒྲོན་སྣང་མེད་དུ་བཏང་བ། ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པ། རྨོག་ཞྭ་མི་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་ཕུད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་ཁྲིམས་འགལ་ཚོང་གཉེར་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་ཤེས་རྟོགས་ཐུབ་རིམ་བཞིན་ཞིབ་བཤེར་ཐག་གཅོད་དང་སློབ་གསོ་བཏང་སྟེ་དམ་བསྒྲགས་ཀྱི་རྣམ་པ་མུ་མཐུད་ཆགས་པར་བྱས་ཡོད། གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་དང་། འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་170ལྷག་ཙམ་རྩད་ཆོད་པའི་ནང་ལག་ཁྱེར་མེད་པའི་རིགས་57དང་། ལག་ཁྱེར་དང་མི་མཐུན་པའི་རིགས་17 ཡོད་པ་རེད།

    འགྲིམ་འགྲུལ་ཟང་ཟིང་གི་སྣང་ཚུལ་ཐོན་ཚད་མང་བས་འཁོར་བྱང་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

    གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་འགྲིམ་འགྲུལ་ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་ཡང་ཡང་ཐོན་པར་དམིགས་ཏེ། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གཙོ་གནད་ས་ཁོངས་དང་ལམ་དུམ་དུ་སྐོར་ཞིབ་དང་འགྲིམ་འགྲུལ་ཁྲིམས་འགལ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྟབས་བསྟུན་སྐོར་བཤེར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མངོན་གསལ་དོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ལྷག་པར་དུ་ཐོ་མ་བཀོད་པ་དང་། ཐོ་དེབ་མ་བཟོས་པ། ལག་ཁྱེར་མེད་པར་གཞུང་ལམ་ཐོག་སྐྱོད་མཁན་གློག་སྒུལ་འཁོར་གསུམ་དང་འཁོར་བཞིར་ཁྲིམས་ལྟར་ཐག་གཅོད་བྱས་ཡོད། དེ་དང་དུས་མཚུངས། མི་དམངས་ཉེན་རྟོག་པས་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་གཏོང་མཁན་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་སྒྲིག་འགལ་ངང་གཞུང་ལམ་ཐོག་སྐྱོད་པར་འགྲིམ་འགྲུལ་བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ཡོད་ལུགས་དང་གནོད་འཚེ་བཟོ་སྲིད་པའི་སྐོར་གསལ་འགྲེལ་བྱས་ཏེ། གློག་སྒུལ་འཁོར་གསུམ་དང་འཁོར་བཞི་གཏོང་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་འཇགས་གོ་རིམ་ལྡན་པ་དང་ཡ་རབས་ཤར་བགྲོད་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་བཏོད་ཡོད།

    གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་འཁོར་བྱང་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཅུང་མང་བས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་ཤེས་རྟོགས་བྱུང་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་རེད། གློག་སྒུལ་འཁོར་གསུམ་དང་འཁོར་བཞི་གཞུང་ལམ་ཐོག་སྐྱོད་པར་ཆ་རྐྱེན་གང་ཚང་དགོས་པའི་སྐོར་གསར་འགོད་པས་གྲོང་ལྷོ་རུ་ཆེན་གྱི་རུ་དཔོན་ཆེན་པོ་གཞོན་པ་གྲགས་པ་བསམ་གྲུབ་ལ་བཅའ་འདྲི་བྱེད་སྐབས། ཁོང་གིས་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་ཚང་མ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁོངས་སུ་གཏོགས་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དོན་ཚན་གཞིར་བཟུང་། འཕྲུལ་སྒུལ་འཁོར་རིགས་གཞུང་ལམ་ཐོག་སྐྱོད་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བྱང་བསྒར་དགོས་པ་མ་ཟད། ད་དུང་ཁྲིམས་ལྟར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཡང་་དགོས། “གློག་སྒུལ་འཁོར་གསུམ་ཁྲིམས་མཐུན་ངང་གཞུང་ལམ་ཐོག་སྐྱོད་པར‘D’རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་དགོས་པ་དང་། གློག་སྒུལ་འཁོར་བཞི་ཁྲིམས་མཐུན་ངང་གཞུང་ལམ་ཐོག་སྐྱོད་པར‘C2’དང‘C2’ཡན་གྱི་ཁ་ལོ་བའི་ལག་ཁྱེར་དགོས། དེ་དང་དུས་མཚུངས་། འཁོར་རིགས་གཞུང་ལམ་ཐོག་མ་སྐྱོད་གོང་ད་དུང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐོ་འགོད་དང་འཁོར་བྱང་བསྒར་དགོས། དེ་ལྟར་མ་བྱས་ཚེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དེ་མཚུངས་ཀྱི་ཆད་པ་གཅོད་ཀྱི་རེད”ཅེས་བཤད།

    གློག་སྒུལ་འཁོར་རིགས་ཀྱི་བདེ་འཇགས་དེ་ཙམ་ཡག་པོ་མེད་པས་གཟབ་ནན་མ་བྱས་ན་འགྲིམ་འགྲུལ་དོན་རྐྱེན་ཐོན་སླ།

    གཤམ་གྱི་པར་འདི་དག་ནི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱེད་བཞིན་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་འཁོར་གསུམ་དང་འཁོར་བཞི་ཁ་ཤས་ཀྱི་ཁ་ལོ་བསྒྱུར་ཆས་དང་ཁ་བཀག་ཆས་སོགས་ལྷུ་ལག་གི་བདེ་འཇགས་ནུས་པ་ཡོངས་ཁྱབ་ཞན་ཙམ་ཡོད་པས། ཁྲིམས་འགལ་ངང་མི་བླུགས་པའམ་ཡང་ན་དངོས་ཟོག་བླུགས་ཚད་ལྗིད་དྲགས་ན་ཛ་དྲག་གི་གནས་ཚུལ་ཐོན་ཚེ་འཁོར་རིགས་སྟངས་འཛིན་བྱེད་དཀའ་བས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་པོ་ཡོད།

    གྲགས་པ་བསམ་གྲུབ་ཀྱིས་འཁོར་རིགས་དེ་ཚོའི་བདེ་སྲུང་སྒྲིག་ཆས་དེ་ཙམ་ཡག་པོ་མེད། གལ་སྲིད་འགྲིམ་འགྲུལ་ལས་འཛོལ་ཐོན་ན་ཚེ་སྲོག་བདེ་བདེ་འཇགས་ལ་འགན་ལེན་བྱེད་ཐབས་བྲལ། དེ་དང་ཆབས་ཅིག གློག་སྒུལ་འཁོར་གསུམ་དང་འཁོར་བཞིགཏོང་མཁན་ཁག་གཅིག་གིས་ཚད་ལྡན་གྱི་ཁ་ལོ་བའི་རྩལ་ནུས་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་གསོ་སྦྱོང་དང་ལེན་བྱེད་མྱོང་མེད་ལ། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་ཞན་པར་བརྟེན། གཞུང་ལམ་ཐོག་གློག་སྒུལ་འཁོར་རིགས་གཏོང་སྐབས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་གནས་ཚུལ་ཐོན་སྲིད་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་ཅེས་བཤད།

    ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་འགྲུལ་བཞུད་པ་རྣམས་ལ་དྲན་སྐུལ་བྱས་དོན། སྒྲིག་འགལ་གྱི་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་མི་ཉོ་བ་དང་། སྒྲིག་འགལ་ངང་གློག་སྒུལ་འཁོར་གསུམ་དང་འཁོར་བཞི་མི་གཏོང་བ། སྒྲིག་འགལ་གྱི་གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་ནང་མི་སྡོད་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་གློག་སྒུལ་འཁོར་གསུམ་དང་འཁོར་བཞིའི་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐོ་འགོད་བྱས་ནས་འཁོར་བྱང་བསྒར་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།