དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།
གཞིས་སྡོད་བྱེད་དབང་གང་འདྲ་བྱས་ནས་འཛུགས་དགོས།
● དོན་ཚན་སུམ་བརྒྱ་དང་རེ་བདུན་པ། གཞིས་སྡོད་བྱེད་དབང་འཛུགས་ཚེ། དོ་བདག་བར་ཡིག་ཐོག་ནས་གཞིས་སྡོད་བྱེད་དབང་གི་གན་རྒྱ་འཇོག་དགོས།
གཞིས་སྡོད་བྱེད་དབང་གི་གན་རྒྱའི་ནང་དུ་སྤྱིར་བཏང་གཤམ་གསལ་དོན་ཚན་ཡོད་པ་ཡིན། (གཅིག)དོ་བདག་གི་རུས་མིང་ངམ་མིང་དང་གཞིས་གནས། (གཉིས)སྡོད་ཁང་གི་གནས་ཡུལ། (གསུམ)གཞིས་སྡོད་ཀྱི་ཆ་རྐྱེན་དང་བླང་བྱ། (བཞི)གཞིས་སྡོད་བྱེད་དབང་གི་དུས་བཀག (ལྔ)རྩོད་གཞི་ཐག་གཅོད་བྱེད་ཐབས།
● དོན་ཚན་སུམ་བརྒྱ་དང་རེ་བརྒྱད་པ། གཞིས་སྡོད་བྱེད་དབང་ནི་རིན་མེད་དུ་འཛུགས་པ་ཡིན། ཡིན་ནའང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད། གཞིས་སྡོད་བྱེད་དབང་འཛུགས་ཚེ། ཐོ་འགོད་ལས་ཁུངས་ལ་གཞིས་སྡོད་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས། གཞིས་སྡོད་བྱེད་དབང་ནི་ཐོ་འགོད་བྱེད་དུས་ནས་འཛུགས་པ་ཡིན།
ཁྲིམས་ལུགས་འཆད་སྟེགས།
རྒན་འཁོགས་ཁག་གཅིག་གིས་ཤུལ་འཛིན་མ་ཡིན་པའི་མིས་རང་ཉིད་ལ་ཡུན་རིང་ལྟ་རྟོག་བྱས་པར་བཀའ་དྲིན་མཚོན་ཆེད། རང་ཉིད་ཤི་རྗེས་ཁང་པ་དེའི་ནང་མུ་མཐུད་སྡོད་དུ་འཇུག་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ཕྱིས་འབྱུང་རྩོད་གཞི་མི་ཡོང་བའི་ཆེད་དུ་ཕྱོགས་གཉིས་པོས་ཡིག་ཐོག་ནས་གཞིས་སྡོད་བྱེད་དབང་གི་གན་རྒྱ་བཞག་ན་ཡག་པོ་ཡོད། གཞིས་སྡོད་བྱེད་དབང་གི་གན་རྒྱར་སྤྱིར་བཏང་གན་རྒྱར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ། དེའང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མིས་རང་མོས་ཀྱི་རྨང་གཞིའི་ཐོག་ངོས་འཛིན་གཅིག་མཐུན་བྱུང་བ་དེའོ། གཞན་ཡང་དོ་བདག་དང་དེའི་སྡོད་ཡུལ་གྱི་ཆ་འཕྲིན་ཞིབ་ཕྲ་འགོད་དགོས་པ་དང་གཞིས་སྡོད་ཀྱི་ཆ་རྐྱེན་དང་གཞིས་སྡོད་ཀྱི་དུས་ཚོད་དང་བཅས་པའང་ཐོ་འགོད་དགོས། དེ་འདྲ་བྱས་ཚེ་རྩོད་གཞི་འབྱུང་སྐབས་དེས་རང་ཉིད་ལ་གཞི་འཛིན་ས་ཞིག་ཡོང་ཐུབ།
གཞིས་སྡོད་བྱེད་དབང་ཐོ་བཀོད་རྗེས་གཞི་ནས་འཛུགས་ཆོག་པ་ཡིན་ནམ།
● དོན་ཚན་སུམ་བརྒྱ་དང་རེ་དྲུག་པ། འཚོ་བ་དང་གཞིས་སྡོད་ཀྱི་དགོས་མཁོ་སྐོང་བའི་དོན་དུ། གཞིས་སྡོད་དབང་བདག་ལ་གན་རྒྱའི་གྲོས་དན་ལྟར་མི་གཞན་གྱི་སྡོད་ཁང་བདག་འཛིན་དང་བཀོལ་སྤྱོད་བྱེད་པའི་བཀོལ་ཁེ་དངོས་དབང་ཡོད།
● དོན་ཚན་སུམ་བརྒྱ་དང་རེ་བརྒྱད་པ། གཞིས་སྡོད་བྱེད་དབང་ནི་རིན་མེད་དུ་འཛུགས་པ་ཡིན། ཡིན་ནའང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད། གཞིས་སྡོད་བྱེད་དབང་འཛུགས་ཚེ། ཐོ་འགོད་ལས་ཁུངས་ལ་གཞིས་སྡོད་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས། གཞིས་སྡོད་བྱེད་དབང་ནི་ཐོ་འགོད་བྱེད་དུས་ནས་འཛུགས་པ་ཡིན།
● དོན་ཚན་སུམ་བརྒྱ་དང་རེ་དགུ་པ། གཞིས་སྡོད་བྱེད་དབང་བཤུག་སྤྲོད་དང་ཤུལ་འཛིན་བྱས་མི་ཆོག གཞིས་སྡོད་བྱེད་དབང་ཚུགས་པའི་སྡོད་ཁང་བོགས་མར་བཏང་མི་ཆོག ཡིན་ནའང་དོ་བདག་བར་དུ་ལོགས་སུ་གྲོས་དོན་བཞག་པ་འདིའི་ཁོངས་སུ་མི་ཚུད།
● དོན་ཚན་སུམ་བརྒྱ་དང་དོན་ཅུ་པ། གཞིས་སྡོད་བྱེད་དབང་གི་དུས་བཀག་ལོངས་པའམ་གཞིས་སྡོད་དབང་བདག་ཤི་བ་ཡིན་ན། གཞིས་སྡོད་བྱེད་དབང་མེད་པར་གྱུར་པ་ཡིན། གཞིས་སྡོད་བྱེད་དབང་མེད་པར་གྱུར་ན་དུས་ཐོག་ཏུ་ཐོ་བསུབ་ཐོ་འགོད་བྱེད་དགོས།
ཁྲིམས་ལུགས་འཆད་སྟེགས།
ཐོ་འགོད་ནི་གཞིས་སྡོད་བྱེད་དབང་འཛུགས་པར་བརྒྱུད་དགོས་ངེས་ཀྱི་གོ་རིམ་ཞིག་ཡིན། དོན་དངོས་འཚོ་བའི་ནང་གཞིས་སྡོད་དབང་བདག་གི་འཚོ་བ་དང་གཞིས་སྡོད་ཀྱི་འཚོ་བའི་དགོས་མཁོ་འགན་ལེན་ཏན་ཏིག་ཡོང་ཆེད། གཞིས་སྡོད་བྱེད་དབང་གི་ཐོ་འགོད་འགྲོ་ལུགས་དུས་ཐོག་ཏུ་གཉེར་བར་འགྲོ་དགོས། དེ་དང་དུས་མཚུངས་གཞན་གྱིས་མགོ་སྐོར་གཏོང་བ་དང་འཇིགས་སྣང་སྐུལ་བ་སོགས་ཀྱི་ཐབས་ལམ་ཐོག་ནས་གཞིས་སྡོད་བྱེད་དབང་འཕྲོག་ཚེ། ཁང་པའི་ཁེ་དབང་བདག་པོ་ངོ་མས་གཞིས་སྡོད་བྱེད་དབང་ཐོ་འགོད་མ་བྱས་པའི་དབང་གིས་བཅའ་ཁྲིམས་ཀྱི་ནུས་པ་མི་ཐོན་པའི་འདོད་ཚུལ་འདོན་པ་བརྒྱུད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས།
ཁྱིམ་མཚེས་ཁེ་དབང་བདག་པོས་ཁང་པ་སོགས་རྒྱག་པར་བཅའ་ཁྲིམས་ཀྱིས་མི་ཆོག་པའི་གཏན་འབེབས་གང་ཞིག་བྱས་ཡོད།
● དོན་ཚན་ཉིས་བརྒྱ་དང་གོ་གསུམ་པ། བཟོ་སྐྲུན་དངོས་པོ་སྐྲུན་པར་རྒྱལ་ཁབ་ཀྱི་ཨར་ལས་འཛུགས་སྐྲུན་སྐོར་གྱི་ཚད་གཞི་དང་འགལ་མི་ཆོག་པ་དང་། ཁྱིམ་མཚེས་བཟོ་སྐྲུན་དངོས་པོའི་རླུང་རྒྱུག་དང་། དཀར་གསལ། ཉི་འོད་བཅས་ལ་གནོད་པ་བཟོས་མི་ཆོག
● དོན་ཚན་ཉིས་བརྒྱ་དང་གོ་ལྔ་པའི་ནང་། བརྟན་ནོར་གྱི་ཁེ་དབང་བདག་པོས་ས་སྔོག་པ་དང་། བཟོ་སྐྲུན་དངོས་པོ་སྐྲུན་པ། སྦུག་ལམ་འདིང་བ་བཅས་དང་དེ་བཞིན་སྒྲིག་ཆས་ལྷུ་སྒྲིག་སོགས་བྱེད་ཚེ། ཁྱིམ་མཚེས་བརྟན་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོས་མི་ཆོག
ཁྲིམས་ལུགས་འཆད་སྟེགས།
ཁྱིམ་མཚེས་དབང་ཆ་ཞེས་པ་ནི་བརྟན་ནོར་གྱི་བདག་དབང་ཡོད་མཁན་ནམ་བེད་སྤྱོད་གཏོང་མཁན་གྱིས་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་སྤྱོད་པའི་ཁེ་དབང་ཞིག་ཡིན། ཞིབ་པར་བཤད་ན། ཕན་ཚུན་ཁྱིམ་མཚེས་ཡིན་པའི་བརྟན་ནོར་གྱི་བདག་དབང་ཡོད་མཁན་ནམ་བེད་སྤྱོད་གཏོང་མཁན་གྱིས་ལུགས་མཐུན་གྱི་བདག་དབང་ངམ་བེད་སྤྱོད་དབང་ཆར་བརྟེན་ནས་ཕ་རོལ་ལ་སྟབས་བདེ་བསྐྲུན་དགོས་པའམ་ཡང་ན་ཚད་བཀག་བཟོས་པ་དང་ལེན་དགོས་པའི་རེ་བ་འདོན་པའི་ཁེ་དབང་ཡོད་པ་ཞིག་ཡིན། དཔེར་ན། ཁང་པ་རྒྱག་པ་དང་བེད་སྤྱོད་གཏོང་སྐབས། ཁྱིམ་མཚེས་ཕ་རོལ་ལ་འགྲོ་སྐྱོད་རྒྱུན་གཏན་བཞིན་ཡོང་བ་དགོས་པ་མ་ཟད། ཕ་རོལ་གྱི་ཁང་པར་རླུང་འགྲོ་དང་། དཀར་ཆ། ཉི་འོད་སོགས་མ་བཀག་པ་བྱེད་དགོས་པ་ལྟ་བུའོ།