གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དངོས་འཐབ་རོགས་སྐྱོབ་ནང་སྦྱོང་བྱས་པ།
པར་འདི་དག་ནི་བཀོད་འཐབ་པས་རྨས་མ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱེད་བཞིན་པ།
རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་དཔུང་ཁག་གི་དངོས་འཐབ་རོགས་སྐྱོབ་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་སྦྱོང་བརྡར་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བཀོད་འཐབ་པ་སྒྲིག་འཛུགས་བྱས་ནས་གཏིང་སྐྱེས་རྫོང་འདྲེན་ཐང་རོང་དུ་ས་བབ་མཐོ་ཁུལ་གྱི་ཁང་ཕྱིའི་དངོས་འཐབ་ནང་སྦྱོང་བྱས་པ་རེད།
ནང་སྦྱོང་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་གྲོག་རོང་དང་། ཤིང་ནགས་ཚང་ཚིང་། གཡང་གཟར། ཆུ་རྒྱུན་དྲག་པོ་སོགས་ཉེན་ཁ་ཆེ་ཁུལ་དུ་བསྐྱོད་ནས། ས་བབ་མཐོ་བའི་རི་ཁུལ་དུ་འཚོལ་སྐྱོབ་དང་། རྨས་མ་རོགས་སྐྱོབ། གཡང་སར་ལུས་པའི་མིར་རོགས་སྐྱོབ་སོགས་རྣམ་གྲངས་མང་པོའི་ནང་སྦྱོང་བྱས་པ་རེད། མེ་གསོད་རོགས་སྐྱོབ“ཁོར་ཡུག་ཅི་འདྲ་ཡིན་ཡང་བྱེད་ཐུབ་པ”དང“ལག་རྩལ་ཁྱབ་ཁོངས་ཡོངས་ལ་སྤྱོད་ཐུབ་པའི”ནུས་པའི་བླང་བྱ་ཧུར་ཐག་སྒྲུབ་ཐུབ་པར་བྱས་ཏེ། རྙོག་འཛིང་ཆེ་བའི་གནས་ཚུལ་གང་འདྲ་ཞིག་འཕྲད་ནའང་མགྱོགས་ལ་དང་ནུས་ལྡན་གྱི་སྒོ་ནས་རོགས་སྐྱོབ་བྱ་སྤྱོད་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ཁོངས་གཏོགས་ཁུལ་གྱི་གནོད་འཚེའི་ཁྱད་ཆོས་ལ་དམིགས་ཏེ། “གནོད་འཚེའི་རིགས་སྣ་ཚོགས་དང་། འཕྲལ་སྡོམ་ཆེན་པོ། རོགས་སྐྱོབ་ཆེན་པོ”བཅས་ལས་འགན་གྱི་དགོས་མཁོར་གཞིགས་ནས། ནང་སྦྱོང་གི་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་བརྟན་དུ་གཏོང་བ་དང་། ལས་སྒྲུབ་སྟོབས་ཤུགས་ཀྱི་བཀོད་ཇུས་སྔར་བས་ལེགས་སུ་གཏོང་བ། དངོས་འཐབ་ཀྱི་དགོས་མཁོར་དམིགས་ཏེ་མེ་གསོད་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཁག་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་ཆ་ཚང་པོ་སྒྲུབ་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།