དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁྲིམས་འཛིན་ལས་དོན་པར་དམའ་འབེབས་གཏོང་མཁན་སྐྱེས་པ་ཞིག་ལ་ཁྲིམས་འཛིན་གྱི་ཆད་གཅོད་བསླབས་འདོམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་ལས་དོན་པར་དམའ་འབེབས་གཏོང་མཁན་སྐྱེས་པ་ཞིག་ལ་ཁྲིམས་འཛིན་གྱི་ཆད་གཅོད་བསླབ་འདོམས་བྱས་པ་དེ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་དོན་འདྲི་གཅོད་དུས་མཚམས་སུ་ཁྲིམས་འཛིན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཐེངས་ཐོག་མ་ཡིན་ཞིང་། ཆད་གཅོད་བསླབ་འདོམས་བྱ་ཡུལ་ལ་བཀག་ཉར་ཉིན་7དང་དངུལ་ཆད་སྒོར་1000གཅོད་པའི་ཁྲིམས་འཛིན་གྱི་ཆད་གཅོད་བསླབ་འདོམས་བྱ་ཐབས་སྤྱད་པ་རེད།

    གྱོད་གཞིའི་གནས་ཚུལ་མདོར་བསྡུས།

    ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་སྔ་མ་ཟླ་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོའི་གན་རྒྱའི་རྩོད་གཞིའི་སྐོར་གྱི་གྱོད་གཞི་ཞིག་ལ་ཁྲིམས་ཐག་བཅད་པ་དང་། བཅའ་ཁྲིམས་ཀྱི་ཡིག་ཆ་བསྐྱལ་བ་དང་ཆབས་ཅིག་ཁྲིམས་ཐག་བཅད་རྗེས་ཀྱི་དོགས་གཞི་སེལ་རིང་བསྟན་ཆེ་གེ་མོས་ཁ་པར་དང་སྐད་འཕྲིན་སོགས་ནས་གྱོད་སྒྲུབ་མི་སྣར་དམའ་འབེབས་དང་ཚིག་ངན་ཐེངས་མང་བརྗོད་པ་མ་ཟད། ད་དུང་ཁ་ཏ་བསླབ་བྱ་བྱས་རུང་ཉན་མེད་པ་རེད། ཁྲིམས་འཛིན་གྱི་དབང་གྲགས་ལ་སྲུང་སྐྱོང་དང་། བཅའ་ཁྲིམས་ཀྱི་ཟིལ་ཤུགས་ལ་སྲུང་སྐྱོབ། ཁྲིམས་འཛིན་ལས་དོན་པའི་རྒྱུན་གཏན་གྱི་འགན་འཁྲི་ལག་ལེན་བསྟར་བའི་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད། ལྷ་རྩེ་ཁྲིམས་ཁང་ཁྲིམས་འཛིན་ཉེན་རྟོག་རུ་ཆེན་གྱིས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་མངའ་དང་ངོས་འཛིན་གང་ལེགས་བྱས་རྗེས། གྱོད་ཐོ་བཀོད་ནས་དུས་ཐོག་ཏུ་འབྲེལ་ཡོད་དཔང་རྟགས་བསྡུ་རུབ་བྱས་ཏེ་བསྟན་ཆེ་གེ་མོ་ཡོད་སའི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུ་བསྐྱོད་དེ་རྩྭ་མདའ་ཁྲིམས་ཁང་དང་རྩྭ་མདའ་སྤྱི་བདེའི་གཞོགས་འདེགས་འོག་ཁྲིམས་འཛིན་ཉེན་རྟོག་པས་བསྟན་ཆེ་གེ་མོ་བཀག་སྡོམ་བྱས་པ་དང་འབྲེལ་འདྲི་རྩད་བྱས་པ་རེད། སྒྲ་ཕབ་དང་བརྙན་ལེན་བྱས་པའི་དཔང་རྟགས་ཀྱི་མདུན་དུ་བསྟན་ཆེ་གེ་མོས་རང་ཉིད་ཀྱིས་ཁྲིམས་འཛིན་ལས་དོན་པར་དམའ་འབེབས་བཏང་བའི་དོན་དངོས་ཁས་བླངས་པ་མ་ཟད། རེ་ཞིག་བཟོད་པ་སྒོམ་མ་ཐུབ་པར་ཐལ་དྲགས་པའི་བྱེད་སྤྱོད་སྤེལ་ལུགས་ལ་འགྲེལ་བཤད་བརྒྱབ། འདྲི་རྩད་བྱེད་རིང་བསྟན་ཆེ་གེ་མོས་རང་འགུལ་ངང་འགྱོད་བཤགས་ཡི་གེ་བྲིས་པ་དང་ཆབས་ཅིག་འབྲེལ་ཡོད་ཁྲིམས་འཛིན་ལས་དོན་པར་དགོངས་དག་ཀྱང་ཞུས་པ་རེད།

    ཐག་གཅོད་བྱས་འབྲས།

    ཁྲིམས་ཁང་གིས་བསྟན་ཆེ་གེ་མོས་ཁྲིམས་འཛིན་ལས་དོན་པར་དམའ་འབེབས་དང་ཚིག་ངན་ཐེངས་མང་བཏབ་པའི་གནས་ཚུལ་ཚབས་ཆེ་ལ། དེའི་བྱེད་སྤྱོད་ཀྱིས་མི་དམངས་ཁྲིམས་ཁང་ལས་དོན་གྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་ངོས་འཛིན་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》གཞིར་བཟུང་། བསྟན་ཆེ་གེ་མོར་བཀག་ཉར་ཉིན་7དང་དངུལ་ཆད་སྒོར་1000གཅོད་པའི་ཁྲིམས་འཛིན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་སྤྱད་ནས་མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱས་པ་རེད།

    ཁྲིམས་དཔོན་གྱི་འགྲེལ་བཤད།

    གཏུག་བཤེར་ཁྲོད་ཞུགས་པའི་བརྒྱུད་རིམ་ནང་རྒྱ་ཆེའི་མི་དམངས་མང་ཚོགས་དང་གྱོད་གཞིའི་དོ་བདག་སོགས་ཀྱིས་གོང་གཏུག་དང་། བསམ་འདུན་བསྐྱར་ཞུ། ཐེར་འདོན་སོགས་ལུགས་མཐུན་གྱི་བྱ་ཐབས་བརྒྱུད་རེ་ཞུ་འདོན་དགོས་པ་དང་གཏུག་བཤེར་སྒྲིག་ལམ་ནན་པོ་སྲུང་བ་ལས་བཅའ་ཁྲིམས་ཀྱི་མཐའ་ཚད་ལས་བརྒལ་མི་རུང་། དེ་ལས་བརྒལ་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ཕོག་ངེས་རེད།

    འབྲེལ་ཡོད་བཅའ་ཁྲིམས་ཀྱི་དོན་ཚན།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞིའི་ནང་གཏན་འབེབས་བྱས་དོན། ཁྲིམས་འཛིན་ལས་བྱེད་པ་དང་། གཏུག་བཤེར་ནང་ཞུགས་མཁན། དཔང་པོ། ལོ་ཙཱ་བ། གསལ་འབྱེད་པ། རྩད་ཞིབ་པ། ལག་བསྟར་བྱེད་རོགས་བྱེད་མཁན་བཅས་ལ་དམའ་འབེབས་དང་། སྐུར་འདེབས། ཉེས་མེད་ཉེས་འགེལ། ཉེས་རྡུང་གཏོང་བ་བཅས་བྱས་པའམ་ཡང་ན་འཁོན་ལན་སློག་རིགས་ལ་མི་དམངས་ཁྲིམས་ཁང་གིས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་དངུལ་ཆད་གཏོང་བ་དང་བཀག་ཉར་བྱེད་ཆོག་པ་དང་ནག་ཉེས་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད། དོན་ཚན་བརྒྱ་དང་བཅོ་བརྒྱད་པའི་ནང་གཏན་འབེབས་བྱས་དོན། མི་སྒེར་ལ་དངུལ་ཆད་གཅོད་པའི་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་བཅུ་མན་ཡིན་པ་དང་ཚན་པར་དངུལ་ཆད་གཅོད་པའི་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་ལྔ་ཡན་ནས་ཁྲི་བརྒྱ་མན་བར་ཡིན། བཀག་ཉར་བྱེད་པའི་དུས་བཀག་ཉིན་བཅོ་ལྔ་མན་ཡིན། བཀག་ཉར་བྱ་ཡུལ་མི་དམངས་ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་པ་དང་། བཀག་ཉར་བྱེད་རིང་བཀག་ཉར་བྱ་ཡུལ་གྱིས་ནོར་འཁྲུལ་ངོས་ལེན་དང་ཡོ་བསྲང་བྱས་ཚེ་མི་དམངས་ཁྲིམས་ཁང་གིས་བཀག་ཉར་བྱེད་ཡུན་ཐུང་དུ་གཏོང་ཆོག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།