དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • “གོས་སྔོན་གྱོན་པའི་ཞིབ་དཔྱོད་དཔོན་གྱིས་བརྩེ་སེམས་ཟབ་མོས་ལོ་ཆུང་བྱིས་པའི་བདེ་ཐང་སྲུང་བ།

    —— གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཐ་མག་གཱ”ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྒྱུར་མི་སྣས་ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།

    “ཕྲུ་གུ་ཁྱུ་གཅིག་ས་ཐོག་ཏུ་ཁ་སྦུབ་ཏུ་བསྡད་དེ་ཐ་མག་སྒམ་ཆུང་ཞིག་ནས་སྤུས་རྟགས་མི་འདྲ་བའི‘ཐ་མག་གཱ’བཏོན་ནས་ས་ཐོག་ཏུ་བརྡབས་འགོ་ཚུགས” ཉེ་དུས་སློབ་ཆུང་སློབ་མའི་ཁྱུ་ཚོགས་སུ་རྩེད་ཆས་གསར་པ“ཐ་མག་གཱ”ཞེས་པ་དར་ཁྱབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། “ཐ་མག་གཱ”དེ་ཚོ་ཐ་མག་གི་སྒམ་ཆུང་དྲས་ནས་དབྱིབས་གྲུ་བཞིར་ལྟེབ་བརྩེགས་བརྒྱབ་རྗེས། ས་ངོས་སུ་བཞག་ནས་སྦར་མཐིལ་ས་ལ་བརྡབས་པའི་རླུང་ཤུགས་ལ་བརྟེན་ནས་ཨ་སློག་རྒྱག་ཐུབ་ན་དེར་རྒྱལ་ཁ་ཐོབ་ཀྱི་ཡོད།

    “ཐ་མག་གཱ”དེ་ངོ་བོ་འགྱུར་ནས་ཐ་མག་གི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པའི་གཞི་རྟེན་དུ་གྱུར་ནས་ཕྲུ་གུ་ཚོས་རྩེད་མོ་རྩེ་བའི་བརྒྱུད་རིམ་ནང་ཐ་མག་གི་སྤུས་རྟགས་མི་འདྲ་བ་ངོ་ཤེས་ཀྱི་ཡོད། དེར་བཀག་འགོག་མ་བྱས་ན་ཕྲུ་གུ་ཚོར་ཐ་མག་ལ་ཡ་མཚན་སྐྱེད་སྲིད་པ་དང་ཐ་ན་ཐ་མག་འཐེན་འདོད་ཡང་སྐྱེད་སྲིད། ཐ་མག་གཱ་བསྡུ་རུབ་བྱེད་པའི་བརྒྱུད་རིམ་ནང་ཕྲུ་གུ་ཚོས་ཐ་མག་གི་སྤུས་རྟགས་དང་རིན་གོང་རྟོགས་པ་མ་ཟད། ད་དུང་ཐ་མག་གི་རིམ་པ་མི་འདྲ་བ་ལས་ཅི་ལྷག་གང་ལྷག་བྱེད་པའི་བསམ་ཚུལ་བྱུང་ནས་རྐུ་འཕྲོག་དང་། དཔུང་སྡེབ་རྩོད་འཛིང་སོགས་ཀྱི་ཉེས་པ་བསགས་སྲིད། ཐ་མག་གཱ་ལ་ད་དུང་ངོ་འགྱུར་རྒྱན་འཛུགས་ཀྱི་ཉེན་ཁ་ཡོད་པས་དཔུང་སྡེབ་རྒྱན་འཛུགས་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐོན་སྲིད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“མི་དམངས་ཞིབ་དཔྱོད་ཀྱིས་དམངས་འཚོ་སྐྱོང་བའི”ཆེད་དོན་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་འཕྲལ་མར“ཐ་མག་གཱ”ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་བ་རེད།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་གྲོང་གི་སྒོ་རྩིས་ཚོང་ཁང་ཁག་ལ་བསྐྱོད་དེ་ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད། ཚོང་ཁང་རེ་གཉིས་ཀྱིས་ཐ་མག་གི་སྤུས་རྟགས་བཀོད་པའི་གཱ་སྟེ“ཐ་མག་གཱ”འཚོང་གི་ཡོད་པ་ཤེས། དེའི་ཐད་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ལྟ་སྐུལ་དང་དྲིལ་བསྒྲགས་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་ས་ཆ་དངོས་སུ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ནས་ཚོང་དུད་ལ་ནར་མ་སོན་པའི་མི་སྣ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས་པའི་ཁྲིད་སྟོན་བྱས་པ་དང་འབྲེལ། ཁྲིམས་ལྟར་འགན་ནུས་བསྒྲུབས་ནས་གནད་དོན་གྱོད་ཐོ་བཀོད་ནས་ཞིབ་དཔྱད་བྱས་པ་རེད། དེ་དང་དུས་མཚུངས་སུ་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ནར་མ་སོན་པའི་མི་སྣར་ཐ་མག་གཏན་འགོག་བྱེད་པའི་སྲུང་ཡོལ་བརྟན་དུ་བཏང་བ་རེད།

    “ཐ་མག་གཱ”ཕྱོགས་ཡོངས་ནས་གཏན་འགོག་བྱ་ཆེད། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་གྲོང་གི་རྔ་སྒྲ་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་སློབ་གྲྭས“ཐ་མག་གཱ”འགོག་པའི་འབྲེལ་ཡོད་བྱ་ཐབས་ལ་རྒྱུས་མངའ་བྱས་པ་རེད། སློབ་གྲྭ་ཕྱོགས་ཀྱིས“ཐ་མག་གཱ”ཡི་རྩེད་ཆས་ལས་སློབ་མའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་སློབ་སྦྱོང་གི་སེམས་ཤུགས་ཉམས་ཀྱི་ཡོད་པས་ཞིབ་དཔྱོད་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་གཞོགས་འདེགས་ཞུས་ཏེ“ཐ་མག་གཱ”ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།