གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དཔལ་འབྱོར་ཉེས་གསོག་སྔར་བས་སྔོན་འགོག་དང་རྡུང་རྡེག་གཏོང་བ་དང་ཁ་བསླུས་འགོག་པའི་མི་དམངས་མང་ཚོགས་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དཔལ་འབྱོར་མྱུལ་ཞིབ་དྲིལ་བསྒྲགས་ཉིན་མོ་གོ་སྐབས་སུ་བྱས་ནས་རྫོང་སྤྱི་བདེ་ཅུས་དང་། མི་དམངས་ཁྲིམས་ཁང་། ཁྲལ་དོན་ཅུས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོར་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དཔལ་འབྱོར་ཉེས་གསོག་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་སར་ལས་བྱེད་ཉེན་རྟོག་པས་དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་སྦྱར་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་དང་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། ཁྲིམས་འགལ་མ་རྩ་བསྡུ་རུབ། ལུགས་དང་མཐུན་པའི་ཁེ་ལས། ཤེས་རིག་བདག་དབང་སྲུང་སྐྱོང་། ནག་སེལ་གཤེད་བཅོམ་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ་རེད། གོ་བདེ་ཤེས་སླའི་བྱ་ཐབས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དཔལ་འབྱོར་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་དང་དེ་བཞིན་མགོ་སྐོར་གཏོང་སྟངས་སྣ་ཚོགས་ལ་འགྲེལ་བཤད་རྒྱག་པ་དང་། མང་ཚོགས་ཀྱི་དོགས་གཞི་སེལ་བ། སྔོན་འགོག་གི་བྱ་ཐབས་སློབ་པ་བཅས་བྱས་ནས་མང་ཚོགས་ལ་ཁ་བསླུས་མི་ཐེབས་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག་ཚང་མས་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ཏེ། དཔལ་འབྱོར་ཉེས་གསོག་གི་བདེ་འཇཌ་འགོག་སྲུང་འཛིང་རགས་མཉམ་དུ་སྐྲུན་དགོས་པའི་འབོད་སྐུལ་བྱས་པ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་མང་ཚོགས་ལ་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་སྤྲད་པ་དང་མང་ཚོགས་ཀྱི་བློ་འདྲི་ཐེངས་20ལྷག་ཙམ་དང་ལེན་བྱས་པ་རེད།