གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་ལ་ཁྲིམས་འགལ་སྒྲིག་སྦྱོར་གྱི་ བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱས་པ།
འདི་ནི་ཞིབ་བཤེར་ཚོགས་ཆུང་གིས་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་ཞིག་ཏུ་ཁྲིམས་འགལ་སྒྲིག་སྦྱོར་གྱི་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱེད་བཞིན་པ།
གློག་སྒུལ་སྦག་སྦག་ནི་སྟབས་བདེ་ཞིང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན་པས། མི་མང་པོའི་ཕྱིར་སྐྱོད་ཀྱི་གདམ་ག་ཡག་ཤོས་སུ་གྱུར། འོན་ཀྱང་སྦག་སྦག་གཏོང་མཁན་གྱིས་མྱུར་ཚད་མགྱོགས་པ་བྱུང་ན་བསམས་ནས་རང་མཚམས་ཀྱིས་གློག་སྒུལ་སྦག་སྦག་ཁྲིམས་འགལ་ངང་སྒྲིག་སྦྱོར་བྱེད་པ་དང་། ཚོང་པ་ཁག་གཅིག་གིས་ཀྱང་དེའི་ཁྲོད་ནས་ཁེ་བཟང་ལེན་རྒྱུར་བསམས་ཏེ་ལྐོག་ཏུ་སྒྲིག་སྦྱོར་བྱེད་ཀྱི་ཡོད་པས། གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་རྒྱུ་ཇེ་མང་དུ་ཕྱིན་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་འཕྲུལ་སྒུལ་མིན་པའི་འཁོར་རིགས་དོ་དམ་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ཁྲེང་ཀོན་ཆུས་ཁོངས་ཀྱི་གློག་སྒུལ་སྦག་སྦག་ཚོང་ཁང་དང་ཉམས་བཟོ་ཁང་3ལ་ཞིབ་བཤེར་བྱས་པ་རེད།
དུས་འགོར་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་ཁུངས་སྣེར་གཞིགས་ཏེ། ཉེ་ཆར། མཉམ་སྦྲེལ་ཞིབ་བཤེར་ཚོགས་ཆུང་གློག་སྒུལ་སྦག་སྦག་ཚོང་ཁང་དང་ཉམས་བཟོ་ཁང་དུ་བསྐྱོད་དེ་ཁྲིམས་འགལ་སྒྲིག་སྦྱོར་དང་། བཟོ་གྲྭ་ནས་སྒྲིག་སྦྱོར་བྱས་པའི་ལྷུ་ལག་བཤིག་པ། ནུས་ཚད་ཆེ་བའི་གློག་རྫས་བརྗེ་བ་སོགས་ཀྱི་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་སྦྲགས། ས་གནས་ས་ཐོག་ཏུ་ཚོང་ཁང་གི་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་དང་། གློག་སྒུལ་སྦག་སྦག་གི་ལིས་གྱེས་རྡུལ་གློག་རྫས་ཀྱི་ཨང་རྟགས། གློག་སྒུལ་སྦག་སྦག་གི་གློག་གསོག་བདེ་འཇགས་བཏགས་གྲངས། མེ་གསོད་ཡོ་ཆས་བཅས་ཆ་ཚང་པོ་ཡོད་མེད་དང་སྤྱོད་གོ་ཆོད་མིན་སོགས་ལ་ཞིབ་བཤེར་ཡང་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲུལ་སྒུལ་མིན་པའི་འཁོར་རིགས་དོ་དམ་ཁང་གི་སུའུ་ཀྲང་གཞོན་པ་ཐེན་ཀྲེན་གྱིས། གློག་སྒུལ་སྦག་སྦག་གི་འཁོར་རྟགས་ལ་ཚོས་གཞི་ལྗང་ཁུ་དང་། སྔོན་པོ། སེར་པོ་བཅས་རིགས་གསུམ་ཡོད་པ་དང་། དེའི་ནང་ཚོས་གཞི་ལྗང་ཁུའི་གློག་སྒུལ་སྦག་སྦག་ལ་ཁ་ལོ་བའི་ལག་ཁྱེར་དགོས་ཀྱི་མེད་ནའང་མྱུར་ཚད་དལ་པོ་ཡོད་རྐྱེན། མི་ཁག་གཅིག་གིས་འཁོར་རྟགས་ལྗང་ཁུའི་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་དུ་བསྐྱལ་ནས་ཁྲིམས་འགལ་སྒྲིག་སྦྱོར་བྱས་ཏེ་མྱུར་ཚད་མགྱོགས་སུ་གཏོང་ཐབས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
“གློག་སྒུལ་སྦག་སྦག་མང་པོ་ཞིག་ལ་འཁོར་རྟགས་སྒར་སྐབས་ཚད་གཞི་དང་མཐུན་ཡང་། མི་མང་པོས་འཁོར་རྟགས་བསྒར་རྗེས་སྒྲིག་སྦྱོར་བྱེད་སར་བསྐྱལ་ནས་བསྐྱོད་ཡུན་རིང་བ་དང་མྱུར་ཚད་མགྱོགས་སུ་གཏོང་ཐབས་བྱེད་ཀྱི་ཡོད། གློག་སྒུལ་སྦག་སྦག་ཕྱིར་ཚོང་ཉམས་བཟོ་ཁང་ཁག་གཅིག་གིས་ཀྱང་ལྐོག་ཏུ་སྒྲིག་སྦྱོར་བྱེད་ཀྱི་ཡོད། བྱེད་སྤྱོད་དེ་རིགས་ལྐོག་ཏུ་བྱེད་པས་རྒྱུན་གཏན་གྱི་ཞིབ་བཤེར་ནང་ཤེས་དཀའ”ཞེས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཞིབ་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་དགེ་ལེགས་ཀྱིས་བཤད།
དེ་ཉིན་ཞིབ་བཤེར་བྱེད་སྐབས་ཁྲིམས་སྒྱུར་ལས་དོན་པས་ས་གནས་ས་ཐོག་ནས་གློག་སྒུལ་སྦག་སྦག་ཁྲིམས་འགལ་སྒྲིག་སྦྱོར་བྱེད་པའི་སྒྲིག་ཆས་གཅིག་ཀྱང་མཐོང་མེད། “གྱོད་གཞིའི་ཁུངས་སྣེ་3ལ་ཞིབ་བཤེར་བྱེད་སྐབས་ཚོང་ཁང་གཅིག་གིས་ཁྱབ་ཁོངས་ལས་བརྒལ་ནས་ཚོང་གཉེར་བྱེད་པ་ཤེས་པས་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད། རྒྱ་ཆེའི་གློག་སྒུལ་སྦག་སྦག་གཏོང་མཁན་གྱིས་རང་མཚམས་ངང་གློག་སྒུལ་སྦག་སྦག་སྒྲིག་སྦྱོར་བྱེད་རྒྱུ་མེད་ལ། རྒྱ་ཆེའི་གློག་སྒུལ་སྦག་སྦག་འཚོང་མཁན་དང་ཉམས་བཟོ་བྱེད་མཁན་གྱིས་ཀྱང་ཁྲིམས་མཐུན་གྱི་ཚོང་གཉེར་བྱེད་དགོས”ཞེས་སྐལ་བཟང་དགེ་ལེགས་ཀྱིས་བཤད།
ཞིབ་བཤེར་བྱེད་རིང་། ཁྲིམས་སྒྱུར་ལས་དོན་པས་ད་དུང་ཚོང་ཁང་ཁག་གི་འགན་འཁུར་བས་རང་ངོས་ཀྱི་ཚོང་གཉེར་བྱེད་སྤྱོད་ཚད་ལྡན་དུ་བཏང་སྟེ། གློག་སྒུལ་སྦག་སྦག་དང་གློག་རྫས་རང་མཚམས་ཀྱིས་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱ་རྒྱུར་ལྕག་སྐུལ་བཏང་སྟེ། གློག་སྒུལ་སྦག་སྦག་ལ་གློག་གསོག་སྐབས་མངོན་གསལ་དོད་སར་དོ་སྣང་བྱེད་དགོས་པའི་དོན་གནད་སྦྱར་དགོས་པ་དང་། འཛད་སྤྱོད་པར་གློག་སྒུལ་སྦག་སྦག་དང་གློག་རྫས་སྒྲིག་སྦྱོར་གྱི་གནོད་པ་ཇི་འདྲ་ཡོད་པ་དྲིལ་བསྒྲགས་བྱས་ཏེ་འཛད་སྤྱོད་པའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲུལ་སྒུལ་མིན་པའི་འཁོར་རིགས་དོ་དམ་ཁང་གི་ལས་དོན་པས་རྒྱ་ཆེའི་གྲོང་མིར་གློག་སྒུལ་སྦག་སྦག་སྒྲིག་སྦྱོར་བྱ་རྒྱུ་མེད་ལ། སྒྲིག་སྦྱོར་བྱས་པའི་གློག་སྒུལ་སྦག་སྦག་ཉོ་བ་དང་བེད་སྤྱོད་དེ་བས་བྱ་རྒྱུ་མེད། གལ་སྲིད་ཉེ་འགྲམ་དུ་གཏན་འབེབས་ལས་འགལ་ནས་གློག་སྒུལ་སྦག་སྦག་སྒྲིག་སྦྱོར་བྱེད་པའི་ཁུངས་སྣེ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་སོགས་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།