ཁྲིམས་འགལ་གཉེར་སྐྱོང་བཅོས་སྒྲིག་ནན་པོ་བྱས་ནས་མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་སྲུང་སྐྱོང་བྱེད་པ།
མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གོང་རིམ་སྤྱི་བདེ་ལས་ཁུངས་དང་དེ་བཞིན་རྫོང་དང་ཅུས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་སྒྱུར་སྡེ་ཚན་དང་མཉམ་དུ་འཁོར་རིགས་ཀྱི་ཁྲིམས་འགལ་གཉེར་སྐྱོང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཐེངས་མང་སྤེལ་བས། ཁོངས་གཏོགས་ཁུལ་དུ་འཁོར་རིགས་ཁྲིམས་འགལ་གཉེར་སྐྱོང་བྱེད་པར་རྡུང་རྡེག་གཏོང་བའི་དམ་བསྒྲགས་ཀྱི་རྣམ་པ་ཞིག་ཆགས་ཡོད། ཉིན་ཤས་གོང་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་ནས་ཁྲིམས་ལས་འགལ་ཏེ་གཉེར་སྐྱོང་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཞིབ་བཤེར་རྩད་ཆོད་ཐུབ་པ་རེད།
དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལམ་དུམ་དུ་ཁྲིམས་ལྟར་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་རུ་ཆེན་དེའི་ལས་སྒྲུབ་མི་སྣས་འཁོར་རྟགས་A7Z**ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་གི་རྒྱུན་གཏན་མིན་པའི་འགྲོ་སྐྱོད་བྱེད་སྟངས་དེར་དོགས་པ་སྐྱེས་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལས་སྒྲུབ་མི་སྣས་འཕྲལ་མར་རླངས་འཁོར་དེ་བཀག་ནས་ཞིབ་བཤེར་བྱས་པ་དང་འབྲེལ་ཁ་ལོ་བ་དང་འགྲུལ་པར་འདྲི་རྩད་བྱས་པ་དང་དེ་བཞིན་མ་ལག་དྲུག་དང་ལས་སྟེགས་གཅིག་ལ་སྔར་བས་ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་དེར་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བ་རེད། མིག་སྔར་རླངས་འཁོར་དེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་སྒྱུར་སྡེ་ཚན་ལ་རྩིས་སྤྲད་པ་དང་འབྲེལ་ཁ་ལོ་བའི་ཁྲིམས་འགལ་གཉེར་སྐྱོང་གི་དོགས་པ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་ཞིབ་ཕྲ་བྱས་པ་རེད།
ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་འབོད་སྐུལ་བྱས་དོན། ཁྱེད་དང་ཁྱེད་ཀྱི་ནང་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཆེད། རླངས་འཁོར་སྡོད་སྐབས་ཚད་ལྡན་འགྲུལ་སྐྱེལ་ཁེ་ལས་ཀྱི་སྐྱེལ་འདྲེན་ཐོབ་ཐང་ལྡན་པའི་རླངས་འཁོར་དང་ཁ་ལོ་བ་འདེམས་དགོས་པ་ལས་གོང་ཁེ་བའམ་ཡང་ན་སྟབས་བདེ་བར་བསམ་ནས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི“ནག་འཁོར”དུ་སྡོད་རྒྱུ་མེད།