དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས།

    སྤུས་ཚད་དང་ཕན་འབྲས་མཐོ་པོས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐག་གཅོད་ཡག་པོ་བྱས་པ།

    2023ལོ་ཚུན་དུ་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་ཁྱོན་401གྲལ་བཤེར་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-18

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་སྤྱི་ཕན་གཏུག་བཤེར་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོ་ཚུན་དུ་ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱོད་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ལ་བཞག་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་ཁྱོན་401གྲལ་བཤེར་ཐུབ་པ་ལས་གྱོད་གཞི་ཁག་272གྱོད་དོན་ཐོ་འགོད་དང་གྱོད་གཞི་ཁག་39གྲོས་ཞིབ་ཐག་གཅོད་བྱས་ཤིང་། ཞིབ་དཔྱོད་ཀྱི་གྲོས་འགོ་ཁག་46བཏོན་པ་རེད།

    ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ཞེས་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དང་དམངས་དོན་གཏུག་བཤེར་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཀྱི་ཁེ་ཕན་ནམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པའི་ལམ་ལུགས་ཤིག་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཚོལ་ཞིབ་དང་འཛུགས་རྒྱུའི་སྐོར་ཐེངས་དང་པོར་བཏོན་པ་ནས་བཟུང་། ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་ལྟར“རང་སྟོབས་དང་། ཕྱོགས་ཡོངས། མཐུན་སྦྱོར། གང་ལེགས”བཅས་བྱས་ཏེ་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་འགན་འཁྲི་བསྒྲུབས་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཁོངས་མི་ཆབ་སྲིད་པུའི་ཀྲུའུ་རེན་སུན་ལིན་ཧྭ་ཡིས་ངོ་སྤྲོད་བྱས་པར། 2023ལོ་ཚུན་དུ་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱོད་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ལ་བཞག་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་དང་། འཁྱགས་རོམ་དང་། གཙང་པོ་དང་མཚོ། ནགས་ཚལ་དང་རྩྭ་ཐང་། རང་བྱུང་སྲུང་སྐྱོང་ཁུལ་སོགས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། “ཆུ་དཔོན་དང་མཚོ་དཔོན(ནགས་དཔོན)དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན”བཅས་ཟུང་དུ་འབྲེལ་བའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆེད་དོན་བྱེད་སྒོ་དོན་འཁྱོལ་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་ཁྱོན་401གྲལ་བཤེར་ཐུབ་པ་ལས་གྱོད་གཞི་ཁག་272གྱོད་དོན་ཐོ་འགོད་དང་གྱོད་གཞི་ཁག་39གྲོས་ཞིབ་ཐག་གཅོད་བྱས་ཤིང་། ཞིབ་དཔྱོད་ཀྱི་གྲོས་འགོ་ཁག་46བཏོན་པ་རེད།

    ཉེ་བའི་ལོ་ཤས་རིང་ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་ཚན་པ་ཁག་དང་རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་པ་དང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས། 《ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ཁྲོད་རོགས་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཁྲིམས་ལྟར་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བསམ་འཆར》ལ་མིང་རྟགས་ལྷན་དུ་བཀོད་པ་དང་། སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང《སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་རོགས་ལས་ལམ་སྲོལ》ལ་མིང་རྟགས་བཀོད་པ། གོང་གསལ་གྱི་ལམ་སྲོལ་ལ་བརྟེན་ནས་ཁུངས་སྣེ་ཁག་10ལྷག་ཙམ་སྐྱེལ་སྤྲོད་ཟིན་པ། ཆེད་མངགས་གདན་ཞུའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལམ་ལུགས་འཛུགས་པ། གཞོགས་འདེགས་གྱོད་དོན་ཐོ་འགོད་10ལྷག་ཙམ་བྱས་པ། གྲོས་མོལ་དང་བགྲོ་གླེང་ནང་ཐེངས་5ཞུགས་པ་བཅས་བྱས་ནས་རོགས་ལས་གཞོགས་འདེགས་ཀྱི་ལམ་སྲོལ་ཡག་པོ་བཙུགས་ཡོད།

    ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་རྙེད་དཀའ་བ་དང་གྲུབ་འབྲས་རྗེས་སྙེག་དཀའ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་ཆེད། ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས“གཞི་རིམ་དུ་སླེབས་པ་བཞིའི”བཅའ་ཁྲིམས་ཀྱི་ཤེས་བྱ་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། “3·28བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ” “6·5འཛམ་གླིང་ཁོར་ཡུག་ཉིན་མོ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་དྲིལ་བསྒྲཌ་བྱས་པ་དང་། བོད་རྒྱ་སྐད་རིགས་གཉིས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་ལག་དེབ་1900ལྷག་ཙམ་སྤྲད་པ། ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་ཤོག་བྱང་གསར་དུ་བཟོས་པ་དང་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་བརྙན་ཐུང་ཕབ་བཟོ་བཅས་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ལ་ཞིབ་དཔྱོད་ལས་ཁུངས་ལ་ཐད་ཀར་ཡིག་འབུལ་ཞུ་བཅར་བྱེད་པ་དང་། ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12309རྒྱག་པ། 12309ཀྲུང་གོའི་ཞིབ་དཔྱོད་དྲ་བ་དང་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་རྟགས་ཐོ་འཇུག་བྱེད་པ་སོགས་བྱ་ཐབས་བརྒྱུད། ཞིབ་དཔྱོད་ལས་ཁུངས་ལ་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་མཁོ་འདོན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།