དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྣ་མང་རོགས་སྐྱོབ་བྱེད་སྟངས་ཆགས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཁྲིམས་འཛིན་རོགས་སྐྱོབ་ཞེས་པ་ནི་རྒྱལ་ཁབ་ཀྱིས་ཉེས་གསོག་གི་གནོད་འཚེ་ཕོག་པའམ་ཡང་ན་དམངས་དོན་གྱི་དབང་ཆར་བཙན་གནོད་ཕོག་པ་དང་། གཏུག་བཤེར་བརྒྱུད་གུན་གསབ་ཡག་པོ་མ་རག་པ། འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་བཅས་ཀྱི་དོ་བདག་ལ་དུས་ཐོག་ཏུ་རོགས་སྐྱོབ་དངུལ་སྤྲོད་པའི་རོགས་སྐྱོབ་བྱེད་ཐབས་ལ་ཟེར། དེ་ནི“ཕྱོགས་གཅིག་ནས་མི་སེར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་པ་དང་ཕྱོགས་གཞན་ཞིག་ནས་ཏང་དང་སྲིད་གཞུང་གི་གཅེས་སྐྱོང་དང་འབྲེལ་བ་ཡོད་པའི”དམངས་སེམས་འདུ་འགོད་ཅིག་རེད།

    “ལོ་གཉིས་རིང་། རོགས་སྐྱོབ་ཀྱི་གྲངས་ཚད་དང་། མི་གྲངས། རོགས་སྐྱོབ་དངུལ་གྲངས་བཅས་དུས་མཚུངས་ལས་96.9%དང་། 77.3% 104%བཅས་སོ་སོར་འཕར་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཀྱི་སྤྱི་ཡོངས་ཀྱི་གཞི་ཁྱོན་ནི་2022ལོའི་གྱོད་གཞི་131དང་། མི་168 སྒོར་ཁྲི་319.9བཅས་ནས་2023ལོའི་གྱོད་གཞི་258དང་། མི་298 སྒོར་ཁྲི་653.2བཅས་བར་འཕར་ཡོད། གྱོད་གཞི་རེར་ཆ་སྙོམས་རོགས་སྐྱོབ་དངུལ་སྒོར་ཁྲི་2.5སྤྲད་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བཅུ་པའི་ཀྲུའུ་རེན་ཟླ་བ་དོན་གྲུབ་ཀྱིས་ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

    “རང་ངོས་འབད་འཐབ་བྱེད་པ”ནས“མཐུན་སྦྱོར་ཤུགས་འདོན”ལ་བསྒྱུར་བ།

    “དངུལ་འདི་ང་ཚོའི་ངོས་ནས་བཤད་ན་ཁ་ཚ་དགོས་གཏུགས་རང་རེད”ཅེས་ཉིན་ཤས་གོང་སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་རྣམ་གླིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་དུ་འཚོགས་པའི་ཁྲིམས་འཛིན་རོགས་སྐྱོབ་ཀྱི་དངུལ་སྤྲོད་པའི་མཛད་སྒོ་ཚོགས་ཡུལ་དུ་སྐལ་ཆེ་གེ་མོས་རོགས་སྐྱོབ་དངུལ་ལེན་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

    2023ལོའི་ཟླ་12པར་སྐལ་ཆེ་གེ་མོའི་ཕ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ནས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་དུ་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་གྲོངས་པ་རེད། ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་ཐག་གཅོད་བྱེད་སྐབས་གནོད་འཚེ་ཕོག་མཁན་དེ་ནི་ཁྱིམ་ཚང་དེའི་ངལ་རྩོལ་ནུས་ཤུགས་གཙོ་བོ་ཡིན་པ་དང་ཁྱིམ་དུ་ད་དུང་ལྟ་རྟོག་བྱེད་དགོས་པའི་དབང་པོ་སྐྱོན་ཅན་རྒན་རྒོན་དང་ཕྲུ་གུ་གསུམ་ཡོད་པ་དང་། མིག་སྔར་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པ་ཤེས་རྟོགས་བྱུང་ཡོད། ཕྱོགས་གཞན་ཞིག་ནས་རླངས་འཁོར་གྱི་ཁ་ལོ་བ་ཕུར་ཆེ་གེ་མོའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཡང་ཡག་པོ་མེད་པའི་ཁར། ད་རེས་ཀྱི་ལས་འཛོལ་ཁྲོད་གཟུགས་པོར་རྨས་སྐྱོན་ཕོག་ནས་ཉལ་སར་ལུས་པས། འབྲེལ་ཡོད་ཀྱི་གྱོང་གུན་སྐྱིན་ཚབ་འཇལ་ཐབས་བྲལ། གོང་གསལ་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྣམ་གླིང་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་འཕྲལ་མར་འབྲེལ་ཡོད་བརྟག་དཔྱད་བྱས་པ་དང་འབྲེལ“ཁྱིམ་དུ་དཔང་ཉན་དང་སྤྲིན་ཚོམ་དཔང་ཉན”གྱི་རྣམ་པ་གསར་པ་སྤྱད་དེ་སྙེ་མོ་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དཔང་ཉན་པ། རྣམ་གླིང་རྫོང་རྒྱ་མཚོ་ཤང་མི་དམངས་སྲིད་གཞུང་དང་རྒྱ་མཚོ་ཞོལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འཐུས་མི་བཅས་གདན་དྲངས་ནས་གྱོད་གཞི་དེར་དཔང་ཉན་ཚོགས་འདུ་འཚོགས་ཏེ། སྐལ་ཆེ་གེ་མོའི་ཁྲིམས་འཛིན་རོགས་སྐྱོབ་རེ་ཞུ་དེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་ངོས་འཛིན་བྱས་པས། རང་འགུལ་ངང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གོ་རིམ་ལག་བསྟར་བྱེད་འགོ་བཙུགས་ཏེ། ཁོང་ལ་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་7རེ་ཞུ་བྱེད་རོགས་བྱས་པས། ཁོང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་ནིང་ཚུན་དུ་ཕན་ཚུན་རོགས་ལས་བྱས་ནས། ས་ཁོངས་སྒྲོལ་བའི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་76དང་མི་85ཐག་གཅོད་བྱས་པ་དང་རོགས་སྐྱོབ་དངུལ་སྒོར་ཁྲི་208.9སྤྲད་པ་དང་ཆབས་ཅིག ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་ཞིབ་དཔྱོད་ལས་ཁུངས་དང་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། ཞིང་ཆེན་སྒྲོལ་བའི་གྱོད་གཞི་12དང་མི་12ལ་མཉམ་འབྲེལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་དངུལ་སྒོར་ཁྲི་49.91སྤྲད་པ་རེད།

    “ཡིག་འབུལ་ཞུ་བཅར་གྱི་རོགས་སྐྱོབ”ནས“གྱོད་བསྟུན་རོགས་སྐྱོབ”ལ་བསྒྱུར་བ།

    “རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་གིས་རྐྱེན་པས་གནོད་འཚེ་ཕོག་མཁན་སྟོབས་ཆེ་གེ་མོའི་མིག་གཡས་པའི་མིག་ཤེད་ཞན་དུ་ཕྱིན་ནས་ངལ་རྩོལ་ནུས་པ་ཁག་གཅིག་ཤོར། “མུ་གེའི་སྒང་ལ་ཟླ་ལྷག”ཅེས་པའི་དཔེ་ལྟར་མ་གཞི་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དེ་ད་ཆ་དེ་བས་དཀའ་ངལ་ཆེ་རུ་སོང་ཡོད། འོན་ཀྱང་སྟོབས་ཆེ་གེ་མོར་སྐྱིན་ཚབ་གང་ཡང་རག་མེད་པའི་ཁར། ཁོང་གི་ཆུང་མ་ཡང་འཚོ་བའི་དཀའ་ངལ་གྱིས་རྐྱེན་པས་ནང་ནས་དོན་སྟབས་བུ་མོ་གཉིས་མིག་སྔར་གཉེན་ཉེ་དང་གྲོགས་པོར་ལྟ་རྟོག་བྱ་རྒྱུར་རྩིས་སྤྲོད་རྒྱུ་ལས་ཐབས་གཞན་མེད” “ཆུང་ཆེ་གེ་མོའི་བཟའ་ཟླ་ཕུར་ཆེ་གེ་མོ་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་གི་ཁྲོད་གྲོངས་པས། ཁྱིམ་ཚང་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་ཤོར་བ་དང་ཆབས་ཅིག ཕུར་ཆེ་གེ་མོ་མྱུར་སྐྱོབ་བྱེད་རིང་སྨན་རིན་ཡང་འབོར་ཆེན་ཆད་པས་མ་གཞི་ནས་ཕྱུག་པོ་དེ་ཙམ་མེད་པའི་ཁྱིམ་ཚང་དེ་བས་དཀའ་ངལ་ཆེ་རུ་སོང་ཡོད”ཅེས་འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་བརྒྱུད། གནས་ཚུལ་དེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བརྒྱུད་རིམ་ལག་བསྟར་བྱེད་འགོ་ཚུགས་པ་དང་འབྲེལ། དུས་ཐོག་ཏུ་གོང་རིམ་ཞིབ་དཔྱོད་ལས་ཁུངས་ལ་སྙན་སེང་ཡང་ཞུས་ཏེ་རོགས་སྐྱོབ་དེ་བས་མང་བ་ཐོབ་ཐབས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    རེ་འདུན་ཞུ་མཁན་གཉིས་ཀྱི་སྡོད་གནས་ཐག་རིང་ལུང་ཁུག་ནས་ཡིན་པ་མ་ཟད། ནད་གཞིས་རྐྱེན་པས་འགུལ་སྐྱོད་སྟབས་བདེ་པོ་རྩ་བ་ནས་མེད་པར་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཁྱིམ་དུ་དཔང་ཉན”གྱི་བྱེད་སྟངས་སྤྱད་དེ། དཔང་ཉན་ཚོགས་འདུ་འཚོག་ཡུལ་དེ་རེ་འདུན་ཞུ་མཁན་གྱི“ཁྱིམ་གྱི་སྒོ་རྩར”བྱས་པ་དང་འབྲེལ། སྟོབས་ཆེ་གེ་མོ་དང་ཆུང་ཆེ་གེ་མོར་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་3དང་ཁྲི་8སྤྲད་པ་རེད།

    “ཕྱོགས་རྐྱང་པའི་རོགས་སྐྱོབ”ནས“སྣ་མང་གི་རོགས་སྐྱོབ”ལ་བསྒྱུར་བ།

    ཨ་མ་མི་གཞན་གྱིས་དཀྲོངས་པ་དང་། ཕ་ནི་ཁྲིམས་ཆད་ཆག་ཡང་གི་ཚོད་འཛིན་ཕོག་པའི་ཁྲིམས་ཆད་འཁུར་མཁན་ཞིག་ཡིན་པས་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་ཐབས་མེད་སྟབས། ཞའོ་སྨི(འགྱུར་མིང)དང་ཞའོ་ཅེ(འགྱུར་མིང)གཉིས་ཀྱི་འཚོ་བ་དང་། སློབ་གསོ། སྨན་བཅོས་འགན་སྲུང་སོགས་ཕྱོགས་མང་པོར་དཀའ་ངལ་ཆེན་པོ་འཕྲད་ཡོད”གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར། 2023ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་སྒྲུབ་རིང་ན་སོ་དར་ལ་མ་བབས་པའི་མི་གཉིས་ལ་མྱུར་དུ་རོགས་སྐྱོབ་བྱེད་དགོས་པ་ཤེས་རྟོགས་བྱུང་ནས་འཕྲལ་མར་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གོ་རིམ་སྤེལ་འགོ་བཙུགས་ཏེ། ཞའོ་སྨི་དང་ཞའོ་ཅེ་གཉིས་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་13.86སྤྲད་ནས་གནས་སྐབས་ཁོང་ཚོའི་འཚོ་བའི་དཀའ་ངལ་བསལ་ཡོད།

    “ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ནི‘རོགས་སྐྱོབ་བྱེད་ཐེངས་གཅིག་ལ་ཚར་བ’ཞིག་མིན་པར། ད་དུང་རོགས་སྐྱོབ་བྱ་ཡུལ་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་པ་མ་ཟད། རང་སྟོབས་འགན་འཁྲི་སྒྲུབ་པ་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་སྐུལ་འདེད་བཏང་ནས། རོགས་སྐྱོབ་ལས་དོན་མུ་མཐུད་སྤེལ་ཏེ་དཀའ་ངལ་ལས་སྒྲོལ་རོགས་བྱེད་དགོས་ཀྱི་ཡོད”ཅེས་གྱོད་གཞི་དེ་སྒྲུབ་གཉེར་བྱེད་མཁན་ཞིབ་དཔྱོད་དཔོན་གྱིས་བཤད།

    “རོགས་སྐྱོབ་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ཤུགས་ཆེན་བྱས་ནས་རོགས་སྐྱོབ་ཁྱབ་ཁོངས་དང་ཐབས་ལམ་རྒྱ་ཆེར་བཏང་ཡོད”རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བཅུ་པའི་ཀྲུའུ་རེན་ཟླ་བ་དོན་གྲུབ་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་སྒྲུབ་པའི་བརྒྱུད་རིམ་ནང་ང་ཚོས་ད་དུང“ཐེངས་གཅིག་ལ་རོགས་སྐྱོབ་དང་ཡུན་རིང་ཐུགས་ཁུར་བྱེད་པའི”རོགས་སྐྱོབ་འདུ་ཤེས་མཐའ་འཁྱོངས་བྱས་ནས་དམངས་སྲིད་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གསོ་སོགས་སྡེ་ཚན་དང་མཉམ་ལས་གཞོགས་འདེགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་ཟུང་འབྲེལ”ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་བ། སྣ་མང་ཅན་གྱི་ཕྱོགས་བསྡུས་རོགས་སྐྱོབ་བྱེད་སྟངས་ཆགས་པ་བཅས་བྱས་ནས“གྱོད་གཞིས་རྐྱེན་པས་དབུལ་པོར་གྱུར་བ”དང“གྱོད་གཞིས་རྐྱེན་པས་དཀའ་ངལ་འཕྲད་པའི”དོ་བདག་ལ“ཐ་སྐྱོང”འགན་ལེན་བྱས་ཏེ་རོགས་སྐྱོབ་ཀྱི་ཕན་འབྲས་ཆེ་ཤོས་ཐོན་ཐུབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།