དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།
རྩོམ་སྒྲིག་པའི་སྦྲགས་མཆན།
དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དམངས་དོན་ཁྲིམས་གཞུང་གསལ་པོ་ཤེས་ནས་ལག་ལེན་ཡག་པོ་བསྟར་ཐུབ་པ། དམངས་དོན་ཁྲིམས་གཞུང་དེ་མང་ཚོགས་ཁྲོད་ཁྱབ་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་པ་བཅས་བྱ་ཆེད། གོང་གི་ལེ་ཚན་ནང་དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་འཁོད་ཟིན། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱི་པར་ངོས་བཞི་པར་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་མུ་མཐུད་དགྱེས་གཟིགས་ཡོད་པར་ཞུ།
1 ཁང་པ་ཉོ་འཚོང་བྱེད་སྐབས་ཡིན་གཅིག་ཁྲིམས་བཞིན་ཐོ་བཀོད་རྗེས་གཞི་ནས་གོ་ཆོད་པ་ཡིན་ནམ།
● དོན་ཚན་ཉིས་བརྒྱ་དང་བརྒྱད། བརྟན་ནོར་གྱི་དངོས་དབང་འཛུགས་པ་དང་། སྒྱུར་བ། བཤུག་པ། མེད་པར་བཟོ་བ་བཅས་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས། འགུལ་ནོར་གྱི་དངོས་དབང་འཛུགས་པ་དང་བཤུག་པར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྩིས་སྤྲོད་བྱེད་དགོས།
● དོན་ཚན་ཉིས་བརྒྱ་དང་དང་དགུ་པའི་ནང་གསེས་དང་པོ། བརྟན་ནོར་གྱི་དངོས་དབང་འཛུགས་པ་དང་། སྒྱུར་བ། བཤུག་པ། མེད་པར་བཟོ་བ་བཅས་ནི་ཁྲིམས་ལྟར་ཐོ་འགོད་བྱས་རྗེས་ནུས་པ་ཐོན་པ་དང་། ཐོ་འགོད་མ་བྱས་ན་ནུས་པ་མི་ཐོན་པ་ཡིན། ཡིན་ནའང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་འདིའི་ཁོངས་སུ་མི་ཚུད།
● དོན་ཚན་ཉིས་བརྒྱ་དང་ཉེར་ལྔ་པ། གྲུ་གཟིངས་དང་། མཁའ་འགྲུལ་ཡོ་བྱད། འཕྲུལ་སྒུལ་འཁོར་ལོ་སོགས་ཀྱི་དངོས་དབང་འཛུགས་པ་དང་། སྒྱུར་བ། བཤུག་པ། མེད་པར་བཟོ་བ་བཅས་ཐོ་འགོད་བྱས་མེད་པ་ཡིན་ན། སེམས་བཟང་ཕུང་གསུམ་པར་འགྲན་རྒོལ་བྱས་མི་ཆོག
2 བརྟན་ནོར་སྔོན་བརྡ་ཐོ་འགོད་དེ་གནས་ཚུལ་གང་འདྲ་ཞིག་གི་འོག་འཇོག་དགོས།
● དོན་ཚན་ཉིས་བརྒྱ་དང་ཉེར་གཅིག་པའི་ནང་གསེས་དང་པོ། དོ་བདག་བར་ཁང་པ་ཉོ་འཚོང་སྐོར་གྱི་གྲོས་མཐུན་ནམ་བརྟན་ནོར་གྱི་དངོས་དབང་གཞན་དག་སྐོར་གྱི་གྲོས་མཐུན་འཇོག་ཚེ། མ་འོངས་པར་དངོས་དབང་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་སྲུང་བྱེད་ཆེད། གྲོས་དན་ལྟར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག སྔོན་བརྡའི་ཐོ་འགོད་བྱས་རྗེས། སྔོན་བརྡའི་ཐོ་འགོད་ཀྱི་ཁེ་དབང་བདག་པོས་མོས་མཐུན་མ་བྱུང་བར་བརྟན་ནོར་ཐག་གཅོད་བྱས་པ་ཡིན་ན་དངོས་དབང་གི་ནུས་པ་མི་ཐོན་པ་ཡིན།
3 གྲོང་མིའི་སྡེ་ཁུལ་ནང་གི་རླངས་འཁོར་འཇོག་སའི་བདག་ཁོངས་དང་བེད་སྤྱོད་ཐད་ལ་གཏན་འབེབས་གང་འདྲ་བྱས་ཡོད་དམ།
● དོན་ཚན་ཉིས་བརྒྱ་དང་དོན་ལྔ་པ། བཟོ་སྐྲུན་བཅད་ཁོངས་ནང་དུ་རླངས་འཁོར་འཇོག་སར་སྤྱོད་པར་འཆར་འགོད་བྱས་པའི་འཁོར་གནས་དང་འཁོར་མཛོད་ཀྱི་བདག་ཁོངས་ནི། དོ་བདག་གིས་འཚོང་བ་དང་ཟུར་སྦྱིན་ནམ་བོགས་གཏོང་སོགས་ཀྱི་བྱེད་ཐབས་ཐོག་ནས་གྲོས་དོན་འཇོག་དགོས།
● དོན་ཚན་ཉིས་བརྒྱ་དང་དོན་དྲུག་པ། བཟོ་སྐྲུན་བཅད་ཁོངས་ནང་དུ་རླངས་འཁོར་འཇོག་སར་སྤྱོད་པའི་འཆར་འགོད་བྱས་པའི་འཁོར་གནས་དང་འཁོར་མཛོད་ཀྱིས་ཐོག་མར་གཞིས་བདག་གི་དགོས་མཁོ་སྐོང་དགོས།
ཁྲིམས་ལུགས་འཆད་སྟེགས།
སྔོན་བརྡའི་ཐོ་འགོད་བྱས་རྗེས། བུན་དབང་མེད་པར་བཟོས་པའམ་ཡང་ན་བརྟན་ནོར་ཐོ་འགོད་བྱས་ཉིན་གྱི་ཉིན་དགུ་བཅུའི་ནང་ཐོ་འགོད་ཀྱི་རེ་ཞུ་བྱས་མེད་རིགས་ལ་སྔོན་བརྡའི་ཐོ་འགོད་ཀྱི་ནུས་པ་མི་ཐོན་པ་ཡིན། དེར་བརྟེན་སྔོན་བརྡའི་ཐོ་འགོད་བྱས་པ་ཙམ་གྱིས་མི་འགྲིག་པར་ད་དུང་ཆ་རྐྱེན་འཛོམས་པའི་སྐབས་སུ་འཕྲལ་མར་ཐོ་འགོད་ངོ་མ་བྱེད་དགོས་པ་ཡིན།
ཁྲིམས་ལུགས་འཆད་སྟེགས།
ཁང་པ་འཚོང་མཁན་གྱིས་ཁང་པ་གཞན་ལ་བཙོངས་ནས་ཐོ་འགོད་འགྲོ་ལུགས་གཉེར་བས། སྔོན་ནས་ཁང་པ་ཉོ་འཚོང་གི་གན་རྒྱ་འཇོག་མཁན་དོ་བདག་ལ་ཁང་པའི་བདག་དབང་མེད་པར་གྱུར་ཚེ། དེས་ཁང་པ་འཚོང་མཁན་ལ་གན་རྒྱ་ལས་འགལ་བའི་འགན་འཁྲི་རྩད་གཅོད་གཏོང་ཆོག ཡིན་ནའང་འཇིབ་ཆུང་རླངས་འཁོར་སོགས་ཀྱི་དམིགས་བསལ་འགུལ་ནོར་ཉོ་འཚོང་བྱས་ཚེ། འཚོང་མཁན་གྱིས་ཉོ་མཁན་དང་པོ་དེར་བདག་དབང་བསྒྱུར་བའི་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་མེད་པ་ཡིན་ན། ཉོ་མཁན་གཉིས་པ་དེས་གོང་གསལ་གྱི་ཉོ་འཚོང་འབྲེལ་བ་ཡོད་པ་མི་ཤེས་ནའང་དེས་འཚོང་མཁན་ལ་རང་ཉིད་ཀྱི་འགྲོ་ལུགས་གཉེར་ཆོག་པའི་རེ་བ་བཏོན་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
དོ་བདག་གིས་བཟོ་སྐྲུན་དངོས་པོའི་ནང་གི་སྡོད་ཁང་དང་གཉེར་སྐྱོང་རང་བཞིན་གྱི་ཁང་པ་སོགས་ཆེད་དུ་དབང་བ་ཁག་གཅིག་ལ་བདག་དབང་ཡོད་པ་ཕུད་དེ་བྱིངས་ཀྱི་ཐུན་མོང་དབང་རིགས་ལ་ཐུན་མོང་ནས་དོ་དམ་བྱེད་པའི་ཁེ་དབང་ཡོད། སྡེ་ཁུལ་ནང་གི་རླངས་འཁོར་འཇོག་སར་སྤྱོད་པའི་འཁོར་གནས་དང་འཁོར་མཛོད་འཆར་འགོད་བྱས་རིགས་ལ་ཚོང་པས་དེ་དག་གཞིས་བདག་ལ་འཚོང་བ་དང་། ཟུར་སྦྱིན་ནམ་ཡང་ན་བོགས་མར་གཏོང་བ་སོགས་བྱས་ཆོག སྡེ་ཁུལ་གྱི་འགྲོ་ལམ་བཟུང་ནས་རླངས་འཁོར་འཇོག་ས་བཟོས་རིགས་ལ་དེའི་བདག་དབང་གསར་སྤེལ་ཚོང་པར་མེད་པར་གཞིས་བདག་ཡོངས་ལ་ཡོད་པ་དང་། གཞིས་བདག་གི་ཚོགས་ཆེན་འཚོགས་ནས་བེད་སྤྱོད་རྒྱུའི་ཐད་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཆོག