ལམ་ནོར་ཐེབས་པའི་ཡུལ་སྐོར་བ། ཉེན་རྟོག་པ་ཡིས་ཧུར་ཐག་བཙལ།
མི་དམངས་ཉེན་རྟོག་པས་རོགས་སྐྱོབ་ལས་དོན་སྤེལ་བཞིན་པ།
ཉེ་ཆར་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཡ་ང་གྲོང་རྡལ་མངགས་གཏོང་ཁང་གི་རོགས་སྐྱོབ་ལ་བརྟེན་ནས་ཡུལ་སྐོར་བ་གཉིས་ཀྱི་བདེ་འཇགས་ལ་འགན་ལེན་བྱུང་བ་རེད། དེའང་ཟླ་5ཚེས་14ཉིན་གྱི་ཆུ་ཚོད་17དང་སྐར་མ་26ལ་ཡ་ང་གྲོང་རྡལ་མངགས་གཏོང་ཁང་ལ་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ནས་ཉེན་རྟོག་པ་མངགས་དགོས་པའི་བཀའ་ཞིག་འབྱོར་བ་སྟེ། བོད་དུ་ཡུལ་སྐོར་ལ་ཡོང་བའི་བཟའ་ཚོ་གཉིས་སྤུ་རྒྱལ་གངས་རིའི་གཡུ་གཞོང་འཁྱགས་རོམ་དུ་ལམ་ནོར་ཐེབས་འདུག་པས་རོགས་སྐྱོབ་བྱེད་པར་མགྱོགས་མྱུར་སྐྱོད་རོགས་ཞེས་བཤད། གོང་རིམ་གྱི་བཀའ་འབྱོར་མ་ཐག་ཡ་ང་གྲོང་རྡལ་མངགས་གཏོང་ཁང་གིས་ལམ་ནོར་ཐེབས་པའི་ཡུལ་སྐོར་བ་དང་འཕྲལ་མར་འབྲེལ་བ་བྱས་ཤིང་། སྐད་འཕྲིན་ནས་ཁོ་གཉིས་གང་དུ་ཡོད་པ་གཏན་འཁེལ་རགས་ཙམ་བྱུང་རྗེས་རླངས་འཁོར་བཏང་སྟེ་འཚོལ་བར་བསྐྱོད། སྐར་མ་བཞི་བཅུའི་རྗེས་ལ་སྤུ་རྒྱལ་གངས་རིའི་འདབས་སུ་འབྱོར་བ་དང་། མདུན་དུ་རླངས་འཁོར་ཐར་ཐབས་མེད་པས་རྐང་ཐང་མར་འཚོལ་བར་འགྲོ་རྒྱུའི་ཐག་བཅད། དུས་ཡུན་ཆུ་ཚོད་གཉིས་ལྷག་ཙམ་རིང་ནུས་ཤུགས་ཡོད་རྒུས་བཙལ་མཐར། ཉེན་རྟོག་པས་ཤིང་ནགས་ཀྱིས་ཁེངས་པའི་བྲག་གསེབ་ནས་ཡུལ་སྐོར་བ་བཟའ་ཚོ་དེ་གཉིས་རྙེད་པ་རེད།