མི་དམངས་ཉེན་རྟོག་པས་ལ་དུག་ཕོག་པའི་ཁ་ལོ་བ་ཞིག་དུས་ཐོག་ཏུ་བསྐྱབས་པ།
ཤན་ཆེན་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལ་དུག་ཕོག་པའི་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བར་རོགས་སྐྱོབ་བྱེད་བཞིན་པ།
གསར་འགོད་པར་མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཤན་ཆེན་ཤང་མངགས་གཏོང་ཁང་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་ཞིག་འབྱོར་བ་སྟེ། རྒྱལ་ལམ་216གི་ལམ་ཚད་རྡོ་རིང་2483གྱི་སར་ལྗིད་ཐེག་རླངས་འཁོར་ཞིག་འཁོར་ལོ་རྡོལ་ནས་རྒྱ་ལམ་དུ་འཕྲད་བཅད་དུ་ལུས་ཡོད་པ་མ་ཟད། ཁ་ལོ་བར་ལ་དུག་ཕོག་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། བཀའ་རྒྱ་འབྱོར་རྗེས་ཤན་ཆེན་ཤང་མངགས་གཏོང་ཁང་གིས་འཕྲལ་མར་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་དེ་བཞིན་ཤང་འཕྲོད་བསྟེན་ཁང་གི་སྨན་པ་དང་མཉམ་དུ་གསོ་རླུང་ལྕགས་ཀྲིན་དང་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་གནས་ཚུལ་ཐོན་ཡུལ་དུ་བསྐྱོད། དུས་ཡུན་ཆུ་ཚོད་1དང་སྐར་མ་40ཙམ་གྱི་རྗེས་ལ་གནས་ཚུལ་ཐོན་སར་འབྱོར་དུས་ལ་དུག་ཕོག་པའི་ཁ་ལོ་བ་དེ་དྲན་པ་འཐོར་ཡོད་པ་རེད། རོགས་སྐྱོབ་ཚོགས་པས་དུས་ཐོག་ཏུ་ཁ་ལོ་བ་མྱུར་སྐྱོབ་རླངས་འཁོར་ལ་བླུགས་པ་དང་། སྨན་པས་ཁ་ལོ་བར་སྐྱོབ་བཅོས་བྱེད་ཀྱིན་སྒེར་རྩེ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཞིང་། རོགས་སྐྱོབ་སྨན་བཅོས་མགྱོགས་པོ་བྱུང་བར་བརྟེན་ཁ་ལོ་བ་དེ་ཉེན་ཁ་ལས་ཐར་ཡོད་པ་རེད།