དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གློག་སྒུལ་སྦག་སྦག་གི་མངོན་མེད་རྐྱེན་ངན་མ་བྱུང་སྔོན་འགོག་ཇི་ལྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    གློག་སྒུལ་སྦག་སྦག་གི་གནད་དོན་ཡང་ཡང་ཐོན་རྐྱེན་གཙོ་བོ་ནི་བེད་སྤྱོད་ལུགས་མཐུན་མ་བྱས་པས་རེད། དེས་ན་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས《དེ་ལྟར་བྱས་ན་གློག་སྒུལ་སྦག་སྦག་བདེ་འཇགས་སྔར་ལས་ལྷག་པ་ཡོང》ཞེས་པའི་ཚན་རིག་ཁྱབ་གདལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ལ་གློག་སྒུལ་སྦག་སྦག་བེད་སྤྱོད་ལུགས་མཐུན་བྱས་ནས་མངོན་མེད་རྐྱེན་ངན་མ་བྱུང་སྔོན་འགོག་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཆེད་ཡིན།

    གཅིག གློག་སྒུལ་སྦག་སྦག་ལ་མེ་ཤོར་དུས་མེ་གསོད་སྟངས་གང་ཞིག་སྤྱད་ན་ཡག་པ་ཡོད།

    གློག་སྒུལ་སྦག་སྦག་གི་གློག་རྫས་ནི་སྤྱིར་ན་རྫས་འགྱུར་རིགས་ལིས་སྤྱད་ནས་བཟོས་པའི་གློག་རྫས་རེད། ལིས་གློག་རྫས་ལ་མེ་འབར་མགྱོགས་པ་དང་འབར་ཡུན་རིང་བ་དང་། གློག་སྒུལ་སྦག་སྦག་ལ་མཚོན་ན་ལིས་གློག་རྫས་གློག་སྒུལ་སྦག་སྦག་གི་ཁོག་སྒྲོམ་ནང་དུ་བསྒར་ཡོད་པས། ནམ་རྒྱུན་གྱི་མེ་གསོད་འཕྲུལ་ཆས་ཀྱིས་གསོད་ཐབས་མེད་པ་དང་། ཨུ་ཚུགས་ཀྱིས་སྤྱད་ན་སྐབས་རེ་འབར་གས་ཀྱང་ཐོན་སྲིད་པས་མེ་གསོད་འཕྲུལ་ཆས་ལ་རེ་བ་ཅུང་མཐོ་ཙམ་ཡོད།

    མེ་གསོད་ཀྱི་ཚོད་ལྟ་ལྟར་ན། མེ་གསོད་བྱེ་མ་དང་། དབྱང་གཉིས་ཐཱན་འགྱུར་གྱི་མེ་གསོད་འཕྲུལ་ཆས། ABCསྐམ་ཕྱེའི་མེ་གསོད་འཕྲུལ་ཆས། ཆུ་བཅས་སྤྱད་ནས་ལིས་གློག་རྫས་ཀྱི་མེ་བསད་ན་ཕན་ནུས་ཆེ་ཆུང་གང་འདྲ་ཡོད་མེད་གཤམ་གསལ་ཏེ།

    མེ་གསོད་བྱེ་མ། སྐབས་འཕྲལ་མེ་གསོད་ཐུབ་མོད། དུས་ཚོད་ཅུང་ཙམ་ཕྱིན་རྗེས་དུ་བ་སླར་ཡང་འཕྱུར་གྱི་ཡོད་པ་དང་། མེ་གསོད་པར་ནུས་པ་དེ་ཙམ་ཆེན་པོ་ཐོན་མེད།

    དབྱང་གཉིས་ཐཱན་འགྱུར་གྱི་མེ་གསོད་འཕྲུལ་ཆས། དུ་བ་སྔར་བཞིན་འཕྱུར་གྱི་ཡོད་པ་དང་། མེ་གསོད་པར་ནུས་པ་དེ་ཙམ་ཆེན་པོ་ཐོན་མེད།

    ABCསྐམ་ཕྱེའི་མེ་གསོད་འཕྲུལ་ཆས། དུ་བ་རྒྱུན་མི་ཆད་པར་འཕྱུར་གྱི་ཡོད་པ་དང་། མེ་གསོད་པར་ནུས་པ་དེ་ཙམ་ཆེན་པོ་ཐོན་གྱི་མེད།

    ཆུ། དུ་བ་ཉུང་དུ་ཕྱིན་པ་དང་མེ་ཤི་བ།

    དེས་ན་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། གལ་ཏེ་གློག་སྒུལ་སྦག་སྦག་ལ་མེ་ཤོར་ན། ང་ཚོས་རང་ཉིད་ཀྱི་བདེ་འཇགས་འགན་ལེན་གྱི་གནས་ཚུལ་འོག སྔོན་ལ་གློག་ཁུངས་གཅོད་པ་དང་དེ་ནས་ཆུ་བཤོས་ནས་མེ་གསོད་པ་དང་དྲོད་ཚད་ཆགས་ཐབས་བྱེད་དགོས།

    གཞན་ཡང་གློག་སྒུལ་སྦག་སྦག་ལ་ཤོར་བའི་མེའི་ཁྱད་ཆོས་ལྟར། མེ་ཤོར་མ་ཐག་ནས་གསོད་ཐབས་བྱེད་དགོས་ཤིང་། མཚམས་དེར་རང་འགུལ་མེ་གསོད་ཐབས་ཤེས་ལ་བརྟེན་ན་བདེ་འཇགས་དང་ཕན་ནུས་ཆེ་ཤོས་རེད། རང་འགུལ་མེ་གསོད་ཐབས་ཤེས་ཐད་སྟབས་བདེའི་ཆུ་གཏོར་མ་ལག་བེད་སྤྱོད་བྱས་ན་ཆོག

    གཉིས། གློག་སྒུལ་སྦག་སྦག་གི་མེ་སྐྱོན་སྔོན་འགོག་ཇི་ལྟར་བྱེད་དགོས།

    གཅིག གློག་གསོག་པའི་དུས་ཚོད་ལ་ཚོད་འཛིན་ལུགས་མཐུན་བྱེད་དགོས་པ། གློག་རྫས་ཀྱི་ཆེ་ཆུང་ལ་གཞིགས་དགོས་ཤིང་། སྤྱིར་ན་ཆུ་ཚོད་8ནས་10ཡི་ནང་གློག་གསོག་ཚར་གྱི་ཡོད།

    གཉིས། ཁང་པའི་ནང་དུ་གློག་གསོག་མི་རུང་། ཁང་པའི་ནང་དུ་འབར་སླའི་དངོས་པོ་ཅུང་མང་བས་གློག་སྒུལ་སྦག་སྦག་ལ་མེ་འབར་ན་མེ་སྐྱོན་ཐོན་སླ་པོ་ཡོད།

    གསུམ། གློག་སྐུད་འཐེན་ནས་གློག་གསོག་མི་རུང་། གློག་སྐུད་འཐེན་ནས་གློག་བསགས་ན་གནམ་གཤིས་ལ་གློ་བུར་དུ་འགྱུར་ལྡོག་བྱུང་དུས་མེ་སྐྱོན་ཐོན་སླ་པོ་ཡོད།

    བཞི། གློག་སྒུལ་སྦག་སྦག་བར་འཁྱམས་སུ་འཇོག་མི་རུང་། བར་འཁྱམས་སུ་བཞག་པའི་གློག་སྒུལ་སྦག་སྦག་ལ་མེ་སྐྱོན་བྱུང་ན། འགྲོ་ལམ་འགག་ནས་བྲོས་ས་མེད་པར་གྱུར་སྲིད།

    ལྔ། གློག་སྒུལ་སྦག་སྦག་ལ་བཟོ་བཅོས་གང་བྱུང་རྒྱག་མི་རུང་། སྒྲ་སྐྱེད་དང་ཤེལ་ཏོག་སྒར་བའམ་གློག་རྫས་བརྗེ་བ་སོགས་བྱས་ཚེ། གློག་སྐུད་ཀྱིས་གློག་མ་ཁྱོག་པར་མེ་སྐྱོན་ཐོན་སླ་པོ་ཡོད།

    དྲུག ཚད་གཞི་དང་མི་མཐུན་པའམ་ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་ཉོ་རྒྱུ་མེད་ལ་གཏོང་རྒྱུའང་མེད། གལ་ཏེ་ཚད་གཞི་དང་མི་མཐུན་པའམ་ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་ཉོས་ཚེ། བེད་སྤྱོད་བྱེད་སྐབས་གནས་ཚུལ་ལྷག་པའི་ཉེན་ཁ་ཆེ་བ་ཡོད།

    བདུན། གློག་སྒུག་སྦག་སྦག་ལ་རྒྱུན་དུ་ཞིབ་བཤེར་དང་བརྟག་དཔྱད་མང་ཙམ་བྱེད་དགོས།

    (བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།