སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ལས་མི་75ཡི་གླ་ཆ་སྒོར་ཁྲི་78ལྷག་ཙམ་འདེད་ལེན་བྱས་པ།
ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ནུས་ཕྱོད་ཆེར་གཏོང་གི་བྱ་སྤྱོད་སྤེལ་ཚུན། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་ལམ་སྲོལ་སྔོན་དུ་འཇོག་པ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་བཏང་བ་མ་ཟད། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་རེད། ཉིན་ཤས་གོང་། ཁྲིམས་ཁང་དེས“གཏུག་བཤེར་གོང་གི་འདུམ་འགྲིག་དང་། ཁྲིམས་འཛིན་ཁས་ལེན། ལྟ་སྐུལ་ལག་བསྟར”ཟུང་དུ་འབྲེལ་བའི་ལས་ཀ་བྱེད་སྟངས་ཀྱི་སྟབས་བདེའི་རང་བཞིན་དང་ཕན་འབྲས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་ལས་མི་75ཡི་ངལ་རྩོལ་གླ་ཆ་སྒོར་ཁྲི་78ལྷག་ཙམ་བླངས་པ་རེད།
དེ་ཉིན་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་སུ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ལས་མི་75ཡིས་ངང་རྒྱུད་རིང་པོས་ངལ་རྩོལ་གླ་ཆ་སྒུག་པ་དང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ངལ་རྩོལ་གླ་ཆའི་འབྲེལ་ཡོད་ཆ་འཕྲིན་གསེད་བཀྲོལ་དང་ཞིབ་བསྡུར་ནན་ཏན་བྱས་རྗེས་ལས་མི་ཚོས་གོ་རིམ་ལྟར་ཐོབ་ཐང་ཆ་འཕྲིན་དང་གྲངས་འབོར་ཞིབ་བསྡུར་བྱས་ནས་མིང་འབྲི་བ་དང་མཛུབ་ཐེལ་རྒྱག་པ་སོགས་བྱས་རྗེས་ཐོབ་འོས་པའི་གླ་ཆ་རག་པ་རེད། ངལ་རྩོལ་གླ་ཆ་སྤྲོད་ཡུལ་དུ་ཕྱི་གསལ་ནང་གསལ་དང་། ཡོངས་བསྒྲགས། ནུས་ཆེ་བཅས་ཡོད་པས། ལས་མི་ཚོས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་དངོས་སུ་ཚོར་བ་མ་ཟད། འགྱངས་ཆད་གླ་ཆ་འདེད་ལེན་ཐུབ་པར་དགའ་སྤྲོས་མྱོས། སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་གྲོང་མི་བསྟན་འཛིན་ལྷག་སྒྲོན་གྱིས“ངའི་ཨ་ཕ་ནི་ང་ཚོའི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཙོ་བོ་རེད། དེ་སྔོན་ཕྱིར་གླ་པ་རྒྱུག་པར་ཕྱིན་ཡང་གླ་ཆ་དུས་ཐོག་ཏུ་མ་རག་པས་ནང་མི་ཚང་མ་སེམས་ཁྲལ་ཆེན་པོ་བྱུང་། དེ་རིང་ཨ་ཕར་འགྱངས་ཆད་གླ་ཆ་སྒོར་21000ལྷག་ཙམ་གཞི་ནས་རག་པས་ང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང”ཞེས་བཤད།