བོད་ཀྱིས་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་མཚན་བཤེར་བྱ་སྤྱོད་སྤེལ་བ།
འདི་ནི་མཚན་བཤེར་བྱ་ཡུལ་ཡིན་པ།
གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། རྒྱལ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་དང་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ཆེད་དོན་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་5ཚེས་23ཉིན་གྱི་མཚན་མོར། རང་སྐྱོང་ལྗོངས་ཀྱི་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ཆེད་དོན་ཚོགས་ཆུང་གིས་མེ་ཟོན་དང་། སྤྱི་བདེ། ཁྲོམ་ར་ལྟ་འདོམས། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་དང་དེ་བཞིན་གཞི་རིམ་ཕྱོགས་བསྡུས་ཁྲིམས་སྒྱུར་རུ་ཁག་དང་དྲ་མིག་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ལྗོངས་ཡོངས་སུ་གློག་སྒུལ་རྐང་འཁོར་ལ་མཚན་བཤེར་བྱ་སྤྱོད་གཅིག་སྡུད་སྤེལ་བ་རེད།
ཉེ་བའི་ལོ་ཤས་རིང་། གློག་སྒུལ་རྐང་འཁོར་མང་ཚོགས་ལ་དགོས་མཁོ་ཆེ་བའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཏུ་གྱུར་ཡོད། འོན་ཀྱང་གློག་སྒུལ་རྐང་འཁོར་ལས་ཐོན་པའི་མེ་སྐྱོན་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད། གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནི་མི་སེར་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། རང་ལྗོངས་ཀྱིས་ཟླ་5པའི་ཟླ་སྨད་ནས་ཟླ་6པའི་ཟླ་དཀྱིལ་བར་གློག་སྒུལ་རྐང་འཁོར་ལ་མཚན་བཤེར་བྱ་སྤྱོད་ཐེངས་བཞི་གཅིག་སྡུད་སྤེལ་ནས་གློག་སྒུལ་རྐང་འཁོར་ཕྱིར་ཚོང་དང་། བེད་སྤྱོད། འཇོག་པ། གློག་གསོག་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྒྲིག་འགལ་ངང་འཇོག་པའམ་གློག་གསོག་པ་དང་ཁྲིམས་འགལ་ངང་བཟོ་བཅོས་རྒྱག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཚན་བཤེར་བྱ་སྤྱོད་རིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིབ་བཤེར་ཚོགས་ཆུང་603བཙུགས་ནས་མངོན་མེད་རྐྱེན་ངན་གྱི་གནད་དོན་1352ཤེས་རྟོགས་བྱུང་བ་དང་། མངོན་མེད་རྐྱེན་ངན་1327བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ། གློག་སྒུལ་རྐང་འཁོར་དང་གློག་སྒུལ་སྦག་སྦག་1316ཐག་གཅོད་བྱས་པ། སྲིད་འཛིན་ཆད་གཅོད་ཀྱི་གནད་དོན་27ལག་བསྟར་བྱས་པ་རེད།