ནག་ཆུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་འགྲིམ་འགྲུལ་ཞབས་ཞུ་ཉིན་རེ་བཞིན་སྟབས་བདེ་རུ་ཕྱིན་ཏེ། གཞུང་ལམ་དུ“འགྲོ་ཐུབ་པ”ནས“འགྲོ་བདེ་བ”དང་སྐྱེལ་འདྲེན“བྱེད་ཐུབ་པ”ནས“བྱེད་སླ་བར”བསྒྱུར་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་སྐམ་ལམ་འགྲིམ་འགྲུལ་གྱི“ལམ་མདོ”དང་མ་ལམ་གྱི་སྦྲེལ་ཚིགས་སུ་གནས་ཡོད། ད་ཆ་ནག་ཆུས་འཐབ་ཇུས་དང་གཅིག་སྡུད་ཀྱི་འགྲིམ་འགྲུལ་ལྟེ་བ་འཛུགས་སྐྲུན་བྱེད་པའི་ལས་དོན་རབ་དང་རིམ་པར་དམིགས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ཆུ་ཚད་ནུས་ལྡན་ངང་མཐོ་རུ་བཏང་བ་དང་། རྒྱལ་ལམ་7དང་ཞིང་ཆེན་ལམ་10 དེ་བཞིན་གྲོང་གསེབ་གཞུང་ལམ་བཅས་ལས་གྲུབ་པའི་གཞུང་ལམ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་སྐམ་ལམ་འགྲིམ་འགྲུལ་ལྟེ་བའི་གནས་བབ་ཀྱི་ནུས་པ་སྔར་བས་མངོན་པ་བཅས་བྱུང་ཡོད། དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྒྱལ་ལམ་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་དང་རྒྱལ་ལམ་345སྙན་རོང་ནས་མཚོ་བོད་སྦྲེལ་མཚམས་བར་གྱི་གཞུང་ལམ་སྒྱུར་བཀོད་སོགས་གཙོ་གནད་རྣམ་གྲངས་དུས་བཀག་ལྟར་བསྐྲུན་ཟིན་པ་རེད།