ལྷོད་གཡེང་མེད་པར་དམིགས་ཚད་འགྲུབ་པར་བརྩོན། དངོས་སྒྲུབ་ལས་བརྩོན་རྣམ་པ་གསར་པ་བཏོད།
ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱི་དུས་ཚིགས་དང་པོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
འདི་ནི་མཚོ་སྨད་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་པས་མཚོ་སྨད་རྫོང་སློབ་ཆུང་སློབ་མའི་ཉལ་ཁང་དུ་སློབ་མར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
དཔྱིད་རླུང་དལ་བུར་ལྡང་བའི་ནམ་དུས་སུ། ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྲིམས་སྐྱོང་གི་ལག་ཆ་སྤྱད་དེ། དྲང་གཞག་དྲང་བདེན་གྱི་སྤྱི་ཚོགས་སྐྱོང་ཞིང་། 2024ལོའི་དུས་ཚིགས་དང་པོར་གསོན་ཤུགས་ཀྱིས་ཁེངས་པ་དང་འབྲས་བུས་ཕྱུག་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
དུས་ཚིགས་དང་པོར། ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྱོན་གྱོད་གཞི་ཁག་1972བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་15.25%འཕར་བ་དང་། གྱོད་གཞི་ཐག་གཅོད་ཚད་66.37%ཟིན་པ་དེ་དུས་མཚུངས་ལས་9.46%ཆག་པ། ཁྲིམས་གཏན་འཁེལ་བའི་འདྲི་གཅོད་དུས་ཚད་ནང་གྱོད་གཞི་ཐག་གཅོད་ཚད་99.91%ཟིན་ཡོད་པ་རེད།
ཁྲིམས་འཛིན་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་ལམ་ལུགས་གསར་གཏོད་ཀྱིས་མདུན་སྐྱོད་ལ་ཁྲིད་སྟོན་བྱས།
2023ལོའི་ཟླ་10ཚེས་28ཉིན། དབྱང་ཆེ་གེ་མོ་དང་བསོད་ཆེ་གེ་མོའི་དབར་སྡེ་ལས་གྲོན་དངུལ་སྐོར་ལ་རྩོད་པ་ཤོར་ནས་འགལ་ཟླ་བྱུང་བས་བསོད་ཆེ་གེ་མོས་དབྱང་ཆེ་གེ་མོའི་ངོ་གདོང་ལ་རྨས་སྐྱོན་བཏང་བར་སྨན་རིན་སྒོར་1479ཕྱིན་པ་དང་། དབྱང་ཆེ་གེ་མོར་རྨས་སྐྱོན་ཕོག་ནས་ཉིན་30ལས་ཀར་འགྲོ་མ་ཐུབ་པས་གྱོང་གུན་སྒོར་ཁྲི་1.29ཕོག་ཡོད་པ་རེད། ཕྱོགས་གཉིས་པོའི་དབར་སྐྱིན་ཚབ་སྐོར་གྲོས་མོལ་བྱས་ཀྱང་མཇུག་འབྲས་མ་ཐོན་སྟབས་དབྱང་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། འདྲི་གཅོད་དང་པོར་བསོད་ཆེ་གེ་མོས་སྨན་རིན་དང་ལས་ཀར་འཐུས་ཤོར་ཕྱིན་པའི་གྱོང་གུན་ཁྱོན་སྒོར་ཁྲི་1.43སྤྲོད་དགོས་པའི་ཁྲུན་ཐག་བཅད་པར། བསོད་ཆེ་གེ་མོས་ལས་ཀར་འཐུས་ཤོར་ཕྱིན་པའི་གུན་གསབ་ཀྱི་ཆ་ཤས་ལ་མ་འདོད་པར་གོང་གཏུག་བྱས། གྱོད་གཞིའི་ངོ་བོ་དང་ཕྱོགས་གཉིས་པོའི་རྣམ་འགྱུར། དེ་བཞིན་བསོད་ཆེ་གེ་མོས་ནོར་འཁྲུལ་ཁས་ལེན་དང་གུན་གསབ་འཇལ་འདོད་ཡོད་ཀྱང་འཁོས་ཀ་ཞན་པའི་དོན་དངོས་བཅས་ལ་གཞིགས་ནས། འདྲི་གཅོད་གཉིས་པའི་མཉམ་གྲོས་ཁྲིམས་སས་འདུམ་འགྲིག་གི་ཐབས་ཇུས་སྟབས་བསྟུན་ངང་སྤྱད་དེ། ཕན་ཚུན་བསམ་ཤེས་དང་ཕ་རོལ་པོའི་དཀའ་ངལ་ལ་བསམ་ཤེས་བྱེད་པའི་ཁྲིད་སྟོན་བྱས་པ་དང་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་མཐར་ཕྱོགས་གཉིས་པོའི་རྣམ་འགྱུར་ཡག་ཏུ་སོང་བ་དང་འགལ་ཟླའང་ནུས་ལྡན་བསལ་ཏེ། བསོད་ཆེ་གེ་མོས་དབྱང་ཆེ་གེ་མོར་སྨན་རིན་དང་ལས་ཀར་འཐུས་ཤོར་ཕྱིན་པའི་གྲོན་དངུལ་ཁྱོན་སྒོར་8400སྤྲོད་རྒྱུའི་འདུམ་འགྲིག་གྲོས་མཐུན་བྱུང་བ་རེད།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱིས་ཐག་གཅོད་བྱེད་ཐབས་སྣ་མང་བརྒྱུད། གྱོད་གཞི་ཐག་གཅོད་བྱས་པའི་བསྡུར་ཚད་46.3%ཟིན་ནས་ཁྲིམས་ཁང་གི་གཞུང་ཡིག་གི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཕན་ནུས་ཆེ་རུ་ཕྱིན་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།
འདྲི་གཅོད་ཀྱི་སྤུས་ཕན་མཐོ་རུ་བཏང་ནས་དྲང་གཞག་ཁྲིམས་འཛིན་མི་སེམས་སུ་ཟུག་པར་བྱས།
ཉེ་ཆར། གོང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཞིང་པ་ལས་མི་260དང་འབྲེལ་བ་ཡོད་པའི་ངལ་རྩོལ་རྩོད་གཞི་ཞིག་ཐག་གཅོད་ཡག་པོ་བྱས་ནས་ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་བདེ་བླག་ངང་ཚ་འདེད་བཏང་བ་རེད། གྱོད་གཞི་འདིའི་ལག་བསྟར་བྱ་ཡུལ་སུང་ཆེ་གེ་མོ་དང་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོའི་དབར་འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི་ཐོན་ནས་ཞིང་པ་ལས་མི་260ཡི་གླ་ཆ་སྤྲོད་ཐུབ་མེད། ཚ་འདེད་ཐེངས་མང་བཏང་བ་དང་བཙན་ཐབས་ཀྱིས་ལག་བསྟར་བྱེད་པའི་རེ་ཞུ་བྱས་པ་བརྒྱུད། གོང་དཀར་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་དྲ་རྒྱ་ནས“ཞིབ་བཤེར་ཚོད་འཛིན”དང་རྒྱུན་གཏན་གྱི“འདྲི་རྩད”བྱས་པ་བརྒྱུད། ལག་བསྟར་བྱ་ཡུལ་ལ་དོ་དམ་ཅུས་ག་གེ་མོ་ཞིག་ཏུ་ལས་གྲྭའི་དངུལ་ཡོད་པ་ཤེས་པ་མ་ཟད། འཕྲལ་དུ་བཙན་ཐབས་སྤྱད་མཐར་བཙན་ཤེད་ཀྱིས་སྒོར་ཁྲི་1222ལྷག་ཙམ་བླངས་ནས་ཞིང་པ་ལས་མིའི་འགྱངས་ཆད་ཀྱི་གླ་ཆ་འདེད་ཐུབ་པ་རེད། བྱ་སྤྱོད་དེས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་ཐུབ་པ་མ་ཟད། བཅའ་ཁྲིམས་ཀྱི་སྟོབས་ཤུགས་དང་དྲང་གཞག་ཀྱང་མངོན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་དྲང་གཞག་གི་སྒོ་ནས་གྱོད་གཞི་སྣ་ཚོགས་ཞིབ་གཅོད་ནན་པོ་བྱས་ཤིང་། དུས་ཚིགས་དང་པོར་ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གིས་གྱོད་གཞི་871བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་374ལག་བསྟར་བྱས་ནས་ལག་བསྟར་བྱེད་ཚད་42.94%ཟིན་པ། སྒོར་ཁྲི་6592ལྷག་ཙམ་དམིགས་སར་དོན་ཐོག་ཏུ་འཁྱོལ་ནས་དོན་ཐོག་ཏུ་འཁྱོལ་ཚད་55.47%ཟིན་ཏེ། འདྲི་གཅོད་ལག་བསྟར་ལས་དོན་ནས་ལས་ཕྱོད་ཆེ་བ་དང་སྤུས་ཚད་མཐོ་བའི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།
སྤྱི་ཡོངས་ལ་གནད་སྨིན་ཞབས་འདེཌ་ཞུས་ནས་ཁྲིམས་འཛིན་འགན་སྲུང་གི་ནུས་པ་མངོན་གསལ་དོད་དུ་བཏང་།
ཨར་སྐྲུན་ལས་ཡུལ་དུ་ཁྲིམས་ལུགས་ཁྱབ་གདལ་བཏང་ཚེ་ཨར་སྐྲུན་སྡེ་ཚན་དང་ཞིང་པ་ལས་མིའི་བཅའ་ཁྲིམས་ཀྱི་བྱང་ཚད་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཐུབ་པ་དང་། ཞིང་པ་ལས་མིར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ། འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སྔོན་འགོག་དང་སེལ་ཐུབ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་ཁོངས་གཏོགས་ཀྱིས་རང་འགུལ་ངང་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྲིམས་ལྟར་ཞིབ་གཅོད་འོས་འཚམ་བྱས་ཤིང་། དུས་ཚིགས་དང་པོར་ཁེ་ལས་དང་འབྲེལ་བ་ཡོད་པའི་གན་རྒྱའི་རྩོད་གཞི་དང་ཤེས་བྱའི་བདག་དབང་གི་རྩོད་གཞི་སོགས་གྱོད་གཞི་ཁྱོན་500ལྷག་ཙམ་ཞིབ་གཅོད་བྱས་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནུས.་ལྡན་བྱས་པ་མ་ཟད། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལའང་སྲུང་སྐྱོང་བྱས་ཡོད།
2024ལོའི་སློབ་དུས་གསར་པའི་ཁྲིམས་སྐྱོང་སློབ་ཚན་དང་པོར། ལྷོ་ཁའི་རིམ་གཉིས་མི་དམངས་ཁྲིམས་ཁང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པས་སློབ་གྲྭ་འབྲིང་ཆུང་14ལ་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་14བྱས་པ་དང་། འཕྲེད་འགེལ་སྦྱར་ཡིག10ལྷག་ཙམ་བཀལ་བ། དྲིལ་བསྒྲགས་འགྲེམས་པང་20ལྷག་ཙམ་བཀོད་སྒྲིག་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་5000ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་དངོས་རྫས་3000ལྷག་ཙམ་སྤྲད་པ། བཅའ་ཁྲིམས་བློ་འདྲི་ཐེངས་60ལྷག་ཙམ་དང་ལེན་བྱས་པར་སློབ་གསོ་ཐེབས་པའི་དགེ་སློབ་མི་གྲངས་5000ལྷག་ཙམ་ཟིན་ཡོད།