སྐྱེས་པ་ཞིག་ལ་འདྲ་པར་རྫོབ་པོ་ཞིག་འབྱོར་བ་དེ་རང་ཉིད་ཀྱི་ཡིན་པ།
གལ་ཏེ་ཁྱེད་ལ་གློ་བུར་དུ་མི་རྒྱུས་མེད་ཞིག་གི་འཕྲིན་ཐུང་ངམ་ཡི་གེ་འབྱོར་བའི་ནང་རང་ཉིད་ཀྱི་འདྲ་པར་རྫོབ་པོ་ཡོད་པ་མཐོང་ན། ཁྱེད་རང་ཧང་སངས་སྲིད་དམ། ཡི་གེ་སྐུར་མཁན་གྱིས་ཁྱེད་ལ་དངུལ་མང་པོ་མ་སྤྲད་ན་འདྲ་པར་རྫོབ་པོ་ཀུན་གྱི་མིག་ལམ་དུ་འགྲེམ་རྒྱུ་ཡིན་ཟེར་ན། ཁྱེད་ཀྱིས་ལམ་སེང་དངུལ་སྤྲོད་སྲིད་དམ། གཟབ་གཟབ་བྱོས་དང་། ཁྱེད་ཀྱིས་ལམ་སེང་དངུལ་སྤྲད་ན་ཁ་བསླུས་ཀྱི་མགོ་སྐོར་འོག་ཏུ་ཚུད་ངེས་རེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་PSཡི་མཉམ་སྦྱོར་འདྲ་པར་ལ་བརྟེན་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་ཞིག་དུས་ཐོག་ཏུ་བཀག་འགོག་བྱས་པ་རེད།
ཟླ་5ཚེས་7ཉིན། སྐུ་ཞབས་ལིའུ(འགྱུར་མིང)ལཌ་ཀྱིས་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་བཀྲ་ཤིས་སྐྱེད་ཚལ་མངགས་གཏོང་ཁང་ལ་རང་ཉིད་ལ་འཕྲིན་ཡིག་ཅིག་འབྱོར་བའི་ནང་སོ་སོའི་བརྙན་ཐུང་རྫོབ་པོ་ཡོད་པས་གློག་འཕྲིན་གྱི་ཁ་བསླུས་ཡིན་པར་དོགས་པ་སྐྱེས་ཏེ། མི་དམངས་ཉེན་རྟོག་པས་རོགས་རམ་གནང་རོགས་ཞེས་སྙན་སེང་ཞུས། ཉེན་རྟོག་པས་འཕྲིན་ཡིག་ལ་བལྟས་པ་ན། དེ་ནི་འཇིགས་སྐུལ་གྱི་ཡི་གེ་ཞིག་ཡིན་ཏེ། ཡི་གེ་སྐུར་མཁན་གྱིས་མི་གཞན་པའི་མངགས་བཅོལ་ལྟར་སྐུ་ཞབས་ལིའུ་ལགས་ལ་བརྟག་དཔྱད་བྱས་པ་དང་། ཐབས་ལམ་མང་པོ་ནས་དཔང་རྟགས་བསྡུས་རྗེས་སྐུ་ཞབས་ལིའུ་ལགས་ལ་འཆལ་པོ་རྒྱུག་པའི་གནད་དོན་ཡོད་པ་ཤེས་ཡོད་ཅེས་བྲིས་འདུག མ་ཟད་ཡི་གེ་སྐུར་མཁན་གྱིས་སྐུ་ཞབས་ལིའུ་ལགས་ལ་འཕྲིན་ཡིག་འབྱོར་མ་ཐག་སྐད་འཕྲིན་སྦྲེལ་ནས་གྲོས་མོལ་བྱེད་དགོས་ལུགས་བརྗོད་པ་དང་། དེ་ལྟར་མ་བྱས་ན་བརྙན་ཐུང་རྫོབ་པོ་མཁོ་མཁན་ལ་སྤྲད་ནས་ཐེར་འདོན་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད། འཕྲིན་ཡིག་གི་ཟུར་དུ་ད་དུང་སྐུ་ཞབས་ལིའུ་ལགས་དང་བུད་མེད་ཅིག་ཉལ་ཁྲིའི་སྒང་ཉལ་ཡོད་པའི་འདྲ་པར་ཞིག་ཡོད་པ་རེད།
མི་དམངས་ཉེན་རྟོག་པས་དབྱེ་ཞིབ་བྱས་པ་བརྒྱུད། དེ་ནི་མགོ་སྐོར་གཏོང་མཁན་གྱིསPSམཉམ་སྦྱོར་འདྲ་པར་ལ་བརྟེན་ནས་མི་གཞན་ལ་འཇིགས་སྐུལ་དང་ཁ་བསླུས་ཀྱི་བྱེད་སྤྱོད་ཡིན་ཁར། རྒྱུ་ནོར་ལེན་ཐབས་ཀྱི་མགོ་སྐོར་གཏོང་ཐབས་ཤིག་ཡིན་པའི་གཏན་འཁེལ་བྱས། མི་དམངས་ཉེན་རྟོག་པས་འཕྲལ་མར་འབྲེལ་ཡོད་ཀྱི་ཁ་བསླུས་གྱོད་དཔེ་དྲངས་ནས་འགྲེལ་བཤད་བརྒྱབ་སྟེ་སྐུ་ཞབས་ལིའུ་ལགས་ལ་ཁ་བསླུས་རྒྱག་སྟངས་དེ་རིགས་ངོ་སྤྲོད་ཞིབ་ཚགས་བྱས་པ་མ་ཟད། སྐུ་ཞབས་ལིའུ་ལགས་ལ་འཕྲིན་ཡིག་གི་ཟུར་དུ་བཀོད་པའི་འདྲ་པར་རྫོབ་པོ་ནི་PSནས་མཉམ་སྦྱོར་བྱས་པ་དང་ཡི་གེ་སྐུར་མཁན་ཡང་སྒེར་གྱི་མྱུལ་ཞིབ་པ་མིན། མགོ་སྐོར་གཏོང་མཁན་གྱི་བྱེད་སྤྱོད་དེ་རིགས་ནི་གནོད་འཚེ་གཏོང་ཡུལ་གྱི་ལག་ནས་དངུལ་འབོར་ཆེན་ལེན་བསམ་པ་ལས་མ་འདས་ཞེས་བརྗོད་ཡོད་པ་རེད།
མི་དམངས་ཉེན་རྟོག་པས་སྐུ་ཞབས་ལིའུ་ལགས་ལ་ཕ་རོལ་པོར་གཏན་ནས་འབྲེལ་གཏུག་བྱེད་མི་རུང་ལ་དངུལ་ནི་དེ་བས་ཀྱང་སྐུར་མི་ཉན་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། སྐུ་ཞབས་ལིའུ་ལགས་ལ་ལག་ཐོགས་ཁ་པར་ནས“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”APPཕབ་ལེན་བྱས་ཏེ“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”APPནས་ཡི་གེ་སྐུར་མཁན་ཐེར་འདོན་གོང་ཞུ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། མི་དམངས་ཉེན་རྟོག་པས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པས་སྐུ་ཞབས་ལིའུ་ལགས་ཀྱིས་རང་ཉིད་ལ་ཁ་བསླུས་ཐེབས་པ་ཤེས་པ་དང་། ཁོང་གིས་ཕ་རོལ་པོར་གཏན་ནས་འབྲེལ་གཏུག་བྱ་རྒྱུ་མིན་ལ་དངུལ་ཡང་བསྐུར་གྱི་མིན་ཞེས་བཤད་པ་རེད།
མི་དམངས་ཉེན་རྟོག་པས་རྒྱ་ཆེའི་གྲོང་མིར་དྲན་སྐུལ་བྱས་དོན། གློ་བུར་དུ་ཡོང་ཁུངས་མི་གསལ་བའི་འདྲ་པར་དང་བརྙན་ཐུང་འབྱོར་རིགས་མཐའ་དག་ལ་མི་ཉན་པ་དང་། ཡིད་མི་ཆེས་པ། དངུལ་མི་སྐུར་བ་བཅས་བྱེད་དགོས་ཤིང་། གསང་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་མི་སྒེར་གྱི་གསང་བ་ཕྱིར་མི་གྱར་བར་བྱེད་དགོས། ཁ་བསླུས་དེ་རིགས་འཕྲད་ཚེ། འདྲ་པར་དང་། བརྙན་ཐུང་། ཡི་གེ་སོགས་ཀྱི་དཔང་རྟགས་ཆ་ཚང་དུས་ཐོག་ཏུ་ཉར་རྒྱུར་དོ་སྣང་བྱས་ཏེ་ཉེན་བརྡ་གཏོང་དགོས། མི་རྒྱུས་མེད་ཀྱི་ཁ་པར་འབྱོར་ནས་ཁྱེད་ཀྱི་ཆ་འཕྲིན་ཡང་དག་པར་བཤད་པ་མ་ཟད་ཛ་དྲག་གི་དོན་དག་ཐག་གཅོད་བྱེད་དགོས་པའམ་ལག་རྟགས་ལེན་དགོས་ལུགས་བརྗོད་ན། ཁྱེད་ཀྱིས་སེམས་རྣལ་དུ་ཕབ་ནས་གཞུང་ཕྱོགས་ནས་ཞིབ་དཔྱད་བྱེད་དགོས།