ལྷ་སས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་སུ་གློག་སྒུལ་སྦག་སྦག་ལ་བཅོས་སྒྲིག་ཤུགས་ཆེན་བྱས་པ།
འདི་ནི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་ལ་བཅོས་སྒྲིག་བྱེད་བཞིན་པ།
ཐག་ཐུང་འགྲོ་སྐྱོད་དང་དངོས་རྫས་སྐྱེལ་འདྲེན་བྱེད་ཚད་མང་ཤོས་ཡིན་པའི་གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་ནི་མེད་དུ་མི་རུང་བའི་འགྲིམ་འགྲུལ་ཡོ་ཆས་ཤིག་ཡིན་མོད། འོན་ཀྱང་རང་དགར་ལམ་བསྒྱུར་བ་དང་། ཁ་གཅུ་བ། ལྡོག་ཕྱོགས་སུ་བསྐྱོད་པ། ད་དུང་བསམ་ཚོད་ལས་འདས་པའི་འགྲོ་སྟངས་སྣ་ཚོགས་པ་དེ་དག་གིས་རྒྱུན་གཏན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཟང་ཟིང་བཟོས་ནས་མི་རྣམས་ལ་སྐྲག་སྣང་ཆེན་པོ་བཟོ་གི་ཡོད། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། བདེ་འཇགས་ཤར་གཏོང་དང་ཞི་མཐུན་རིམ་ལྡན་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཧུར་ཐག་གཏོད་ཆེད། ཉིན་ཤས་བསྟུན་མར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་སུ་གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་བ་རེད།
གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་ལམ་དུ་སྐྱོད་པར་ངེས་པར་དུ་ཁྲིམས་ལྟར་འཁོར་རྟགས་བསྒར་དགོས་པ་དང་། དེ་མཚུངས་ཀྱི་ཁ་ལོ་བའི་ལག་ཁྱེར་ཡོད་དགོས་པ་མ་ཟད། འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཡ་རབས་ཁྲིམས་སྲུང་གིས་འགྲོ་སྐྱོད་བྱེད་དགོས། འོན་ཀྱང་ཁ་ལོ་བ་ཁག་གཅིག་གིས“སློབ་གསོ་ཡང་ཡང་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་པར”སྔར་བཞིན་རང་འདོད་ཁོ་ན་བྱེད་པ་དེས་རྒྱུན་གཏན་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ཟང་ཟིང་བཟོ་གི་ཡོད། བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཁོངས་དང་། གཙོ་གནད་ལམ་དུམ། གཙོ་གནད་དུས་མཚམས་བཅས་ལ་གཞི་ཚུགས་ནས་གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་གི་འགྲོ་སྐྱོད་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འཁོར་རིགས་དེ་དག་ལ་འཁོར་རྟགས་དང་ལག་ཁྱེར་ཡོད་མེད་དང་། ཁྲིམས་འགལ་ངང་མི་བླུགས་པ། ཤོང་ཚད་ལས་བརྒལ་ནས་མི་བླུགས་པ་དང་མི་གྲངས་ལས་བརྒལ་ནས་མི་བླུགས་པ། ལྡོག་ཕྱོགས་སུ་བསྐྱོད་པ། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལས་འགལ་བ། གཏན་འབེབས་ལས་འགལ་བའི་འཁོར་ལམ་དུ་སྐྱོད་པ། ཁྲིམས་འགལ་ངང་བཟོ་བཅོས་རྒྱག་པ། ཁ་ལོ་བ་དང་འགྲུལ་པས་བདེ་འཇགས་རྨོག་ཞྭ་མ་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་གཙོ་གནད་དུ་ཞིབ་བཤེར་ཡོ་བསྲང་བྱེད་རྒྱུ་མ་ཟད། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པའི་མང་ཚོགས་ལ་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་བདེ་འཇགས་འགྲོ་སྐྱོད་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། མང་ཚོགས་ཀྱི་ཡ་རབས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད།
ཟླ་5ཚེས་7ཉིན། ལམ་ལྔ་མདོ་ཁའི་ཉེ་འགྲམ་དུ་འཁོར་གསུམ་སྦག་སྦག་གཏོང་སྐབས་བདེ་འཇགས་རྨོག་ཞྭ་མ་གྱོན་པའི་དབང་གིས་བཀྲ་ཆེ་གེ་མོ་མི་དམངས་ཉེན་རྟོག་པས་བཀག་ནས་ཁ་ཏ་བསླབ་བྱ་བྱས་པ་རེད། “ཐ་ན་རང་ཉིད་ཀྱི་མི་ལུས་བདེ་འཇགས་ལའང་འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱེད་དགོས་པ་དེ་ནི་དངོས་འབྲེལ་ངོ་གནོང་དགོས་པ་ཞིག་རེད། སླད་ཕྱིན། ངས་ཡ་རབས་ངང་སྦག་སྦག་བཏང་སྟེ་རྨོག་ཞྭ་གྱོན་པ་དང་དེ་བས་གློག་བརྡ་རྩིས་མེད་དུ་གཏོང་བའི་གནས་ཚུལ་མི་ཐོན་པ་བྱེད་ཀྱི་ཡིན”ཞེས་བཀྲ་ཆེ་གེ་མོས་འཚེར་སྣང་ཆེན་པོས་བཤད། ས་གནས་ས་ཐོག་ཏུ་གསར་འགོད་པས་ད་དུང་གྲོང་མི་ཕུར་བུ་ཚེ་རིང་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་འཁོར་བདག་ཁག་གཅིག་གིས་རྟག་ཏུ་འགྲིམ་འགྲུལ་བདེ་འཇགས་སྣང་མེད་དུ་བཏང་ནས། གློག་བརྡ་རྩིས་མེད་དུ་གཏོང་བ་དང། གང་བྱུང་དུ་ཁ་འགོག་པ། གང་བྱུང་དུ་འཇོག་པ་བཅས་ལས་འགྲིམ་འགྲུལ་ལས་འཛོལ་མང་པོ་ཐོན་གྱི་འདུག་པས། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
མང་ཚོགས་ལ་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མུ་མཐུད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། གནད་དོན་ཤེས་རྟོགས་ཐེངས་གཅིག་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་ཐེངས་གཅིག་བྱེད་པ་དང་སློབ་གསོ་ཐེངས་གཅིག་བརྒྱབ་ནས་དམ་བསྒྲགས་ནན་སྲུང་གི་རྣམ་པ་རྒྱུན་མཐུད་ཆགས་པར་བྱེད་པ་དང་། གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་འགྲོ་སྐྱོད་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གཙང་མ་བཟོ་བ་བཅས་བྱས་ཏེ། གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་ལ་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་མི་ཐོན་པ་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད་པས། རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་རྣམས་ཀྱིས་ཚད་ལྡན་མིན་པའི་གློག་སྒུལ་གྱི་འཁོར་གསུམ་དང་འཁོར་བཞིའི་སྦག་སྦག་མི་ཉོ་བ་དང་། མི་གཏོང་བ། དེར་སྡོད་པ་བཅས་བྱེད་པ་དང་ཆབས་ཅིག ཡ་རབས་དང་ཁྲིམས་སྲུང་ངང་ཕྱིར་སྐྱོད་པ་དང་། ཚུལ་མིན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་མཉམ་དུ་གཏོད་དགོས།