དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སོལ་རླངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་ཡུལ་མིའི་བདེ་འཇགས་ལེགས་པར་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་གྲལ་བཤེར་བྱ་ཡུལ་ཡིན་པ།

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གི(གྲོང་ཚོ)གྲོང་ལྷན་ཁག་ཏུ་སོལ་རླངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཚ་རླབས་འཕྱུར་ནས་ཁོངས་གཏོགས་ཁུལ་གྱི་ཡུལ་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་གང་ལེགས་བྱས་པ་རེད།

    གསར་འགོད་པ་རྔ་ཆེན་གྲོང་ཚོར་སྐྱོད་སྐབས། ལས་དོན་པ་ཚོས་ལམ་རྒྱུད་ཀྱི་ཚོང་དུད་རེ་རེ་བཞིན་ལ་སོལ་རླངས་བེད་སྤྱོད་ཐད་ཞིབ་བཤེར་ནན་ཏན་བྱས་ཏེ། མངོན་མེད་རྐྱེན་ངན་གྱི་ཁུག་ཆ་གཅིག་ཀྱང་མི་ལུས་པ་བྱེད་བཞིན་ཡོད་པ་མཐོང་བྱུང་། “བདེ་འཇགས་ཀྱི་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི། ང་ཚོས་གཅིག་ཀྱང་མ་ལུས་པར་བདེ་འཇགས་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་དགོས”ཞེས་རྔ་ཆེན་གྲོང་ཚོའི་དྲ་མིག་པ་རིན་ཆེན་བསམ་གྲུབ་ཀྱིས་གཟབ་ནན་ངང་བཤད།

    ཞིབ་བཤེར་བྱེད་རིང་། ལས་དོན་པས་དག་ཐེར་གྱི་བསམ་འཆར་དུས་ཐོག་ཏུ་བཏོན་པའི་ཁར། ཚོང་དུད་ཚང་མར་སོལ་རླངས་བདེ་འཇགས་ངང་སྤྱོད་པའི་རྒྱུན་ཤེས་དྲིལ་བསྒྲགས་ཀྱང་བྱས་པ་རེད།

    གསར་འགོད་པ་གཙང་བྲན་སྡེ་ཁུལ་དུ་འབྱོར་སྐབས་དེ་གའི་དྲ་མིག་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་ཟ་ཁང་ཆེན་པོ་དང་ཚོང་དུད་ཁག་ལ་སོལ་རླངས་ཀྱི་ཉེན་གཏོང་ཡོ་བྱད་བསྒར་ཡོད་མེད་ཞིབ་བཤེར་བྱེད་བཞིན་འདུག “སོལ་རླངས་ཀྱི་ཉེན་གཏོང་ཡོ་བྱད་ནི་བདེ་འཇགས་ཀྱི་འགོག་རགས་གལ་ཆེན་ཞིག་ཡིན་ལ་དེས་སོལ་རླངས་ཤོར་ཡོད་མེད་ཚད་ལེན་ཐུབ་པས། ཚང་མའི་བདེ་འཇགས་ལ་འགན་ལེན་བྱེད་ཐུབ”ཅེས་གཙང་བྲན་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་རིག་ནོར་གྱིས་ཞིབ་བཤེར་བྱེད་ཞོར་གསར་འགོད་པར་ངོ་སྤྲོད་བྱས།

    དེ་དང་ཆབས་ཅིག་རྔ་ཆེན་ཁྲོམ་གཞུང་གིས་ཡུལ་མི་ཡོངས་ལ་ཆུ་མ་ཤོར་གོང་རགས་རྒྱག་པའི་དཔེ་ལྟར་དུས་གཏན་འཁེལ་ངང་བདེ་འཇགས་ཞིབ་བཤེར་བྱེད་པ་དང་སོལ་རླངས་ཀྱི་ཉེན་གཏོང་ཡོ་བྱད་བསྒར་བ་སོགས་ནས་འགོ་བཙུགས་ཏེ་བདེ་འཇགས་ངང་སོལ་རླངས་སྤྱོད་པའི་ཁོར་ཡུག་མཉམ་དུ་བསྐྲུན་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།