ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་གིས་མང་ཚོགས་ལ་དངུལ་སྒོར་ཁྲི་400ལྷག་ཙམ་ལེན་རོགས་བྱས་པ།
“ཕུ་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཚོའི་རོགས་རམ་ལས་ང་ཚོར་གཞི་ནས་ལོ་མང་འགྱངས་ཆད་བྱས་པའི་དངུལ་བདེ་བླག་ངང་རག་བྱུང” ཉེ་ཆར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་མཉམ་སྡེབ་4དང་། སྐྱེལ་འདྲེན་ཀུང་སི་2 མང་ཚོགས་104བཅས་ལ་ལས་གྲྭའི་འགྱངས་ཆད་དངུལ་སྒོར་ཁྲི་400ལྷག་ཙམ་ལེན་རོགས་བྱས་ནས་མང་ཚོགས་ཀྱི་སེམས་ནད་བསལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ལམ་561འདམ་གཞུང་རྫོང་སྙིང་གྲོང་ཤང་ནས་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་བར་གྱི་ལམ་དུམ་སྒྱུར་བཀོད་ལས་གྲྭ་2019ལོར་ལས་འགོ་ཚུགས་ཤིང་། ཨར་ལས་བྱེད་རིང་ལས་གྲྭར་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། ཨར་ལས་འཛུགས་སྐྲུན་ཕྱོགས་ཀྱིས་བྱེ་རྡོ་སྔོག་འདོན་དང་འཕྲུལ་ཆས་སྐྱེལ་འདྲེན་སོགས་བྱེད་པར་ས་གནས་དེ་གའི་མི་གླས་ནས་ལས་གྲྭའི་མ་གནས་ཉུང་དུ་བཏང་བ་དང་ཆབས་ཅིག ས་གནས་དེ་གའི་ཞིང་འབྲོག་པར་ལས་ཞུགས་ཀྱི་གོ་སྐབས་ཐོབ་པ་དང་ཡོང་འབབ་འཕར་ཐབས་ཀྱང་བྱས་ཡོད།
2021ལོར་རྣམ་གྲངས་ལས་མཇུག་འགྲིལ་རྗེས་ཕུ་མདོ་ཤང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རྒྱུན་གཏན་གྱི་འགལ་ཟླ་དང་། རྩོད་གཞི། ཡིག་འབུལ་ཞུ་བཅར། མངོན་མེད་རྐྱེན་ངན་བཅས་གྲལ་བཤེར་བྱེད་སྐབས། ལས་གྲྭ་འཛུགས་སྐྲུན་ཕྱོགས་ཀྱིས་སྔར་བཞིན་མཉམ་སྡེབ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། མི་སྒེར་བཅས་ལ་ལས་གྲྭའི་མ་དངུལ་འགྱངས་ཆད་བྱས་པར་ཁྱོན་སྒོར་ཁྲི་483ཟིན་གྱི་ཡོད། རྩོད་གཞི་དེ་སེལ་དཀའ་བ་དང་། འབྲེལ་རྒྱ་ཆེ་བ། དངུལ་གྲངས་ཅུང་མང་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ཕུ་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་2021ལོ་ནས་བཟུང་མཐུན་སྦྱོར་གྱིས་དངུལ་ལེན་ཐབས་ཐེངས་མང་བྱས་རུང་ཕན་འབྲས་དེ་ཙམ་ཐོན་མེད་པར་དངུལ་འགྱངས་ཆད་བྱ་ཡུལ་ཕྱོགས་ཀྱི་ལུགས་མཐུན་དགོས་མཁོ་སྐོང་ཐུབ་མེད།
ལས་གྲྭའི་ཆད་འགྱངས་དངུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཆེད། 2023ལོ་ནས་བཟུང་ཕུ་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། “གཅིག་འཐུས་རྣམ་པའི”འགལ་ཟླ་འདུམ་འགྲིག་ལྟེ་གནས་ལ་བརྟེན་ནས་མཉམ་འབྲེལ་དང་། བཅོས་སྐྱོང་། ཏན་ཏིག་བཅས་མཐའ་འཁྱོངས་བྱས་མཐར། མཉམ་སྡེབ་4དང་། སྐྱེལ་འདྲེན་ཀུང་སི་2 མང་ཚོགས་104བཅས་ལ་འགྱངས་ཆད་དངུལ་སྒོར་ཁྲི་400ལྷག་ཙམ་རག་ཅིང་། དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ནད་བསལ་ཡོད་ལ། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཕུ་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གི་ཆོད་སེམས་དང་ནུས་པའང་མངོན་པར་བྱས་ཡོད།