རིན་སྤུངས་རྫོང་གི་མི་དམངས་ཉེན་རྟོག་པ་བསོད་ནམས་དངོས་གྲུབ་ཀྱིས་སྲོག་ཉེན་ལ་མ་འཛེམས་པར་ཉེས་གསོག་དོགས་ཅན་རྗེས་འདེད་བཏང་བ།
འདི་ནི་བསོད་ནམས་དངོས་གྲུབ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པ། (རིན་སྤུངས་རྫོང་བྱེ་བ་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱིས་མཁོ་འདོན་བྱས)
ཟླ་3ཚེས་19ཉིན་གྱི་ཆུ་ཚོད་22དང་སྐར་མ་5ལ། རིན་སྤུངས་རྫོང་བྱེ་བ་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་སུ་ཆ་འཕྲིན་ལ་ཞིབ་བཤེར་བྱེད་སྐབས་སྐྱེས་པ་ཞིག་དངངས་འཚབ་ཆེན་པོ་ལངས། སྐྱེས་པ་དེ་ནམ་རྒྱུན་དང་མི་འདྲ་བ་ཡོད་པ་ཤེས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁོ་པའི་འཁྲིས་སུ་བསྐྱོད་དེ་འདྲི་རྩད་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་སྐྱེས་པ་དེ་གློ་བུར་དུ་བྲོས་བྱོལ་དུ་ཕྱིན། གནས་ཚུལ་དེར་དམིགས་ཏེ་མི་དམངས་ཉེན་རྟོག་པས་འཕྲལ་མར་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ལག་བསྟར་བྱས་ནས་སྐྱེས་པ་དེ་བཟུང་བ་རེད།
“ང་ཚོས་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ལག་བསྟར་བྱེད་སྐབས། སྐྱེས་པ་དེ་ནི་ཉེ་དུས་རླངས་འཁོར་ནང་ནས་རྐུ་མ་ཐེངས་མང་བརྒྱབ་སྟེ་ཉེས་པ་གསོག་མཁན་དེ་ཡིན་པ་ཤེས་རྟོགས་བྱུང”ཞེས་རིན་སྤུངས་རྫོང་བྱེ་བ་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་བསོད་ནམས་དངོས་གྲུབ་ཀྱིས་བརྗོད། འཛིན་བཟུང་བྱེད་པའི་བརྒྱུད་རིམ་ནང་། སྐྱེས་པ་དེ་ཡར་ཀླུང་གཙང་པོའི་རྒྱུད་དུ་བྲོས་བྱོལ་དུ་སོང་ཡོད་ཅིང་། ཡར་ཀླུང་གཙང་པོའི་རྒྱུད་དུ་གྲོག་རོང་གཏིང་ཟབ་ལ་ལམ་གཟར་པོ་ཡོད་པ་མ་ཟད། མཚན་མོ་རབ་རིབ་ཙམ་ལས་མཐོང་གི་མེད་སྟབས། བསོད་ནམས་དངོས་གྲུབ་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་འདྲེད་བརྡབ་ཤོར་ནས་འགྱེལ། “ང་གནད་འགག་མི་འདུག ཁྱེད་ཚོས་གང་མགྱོགས་ཉེས་ཅན་པ་བཟུང་རོགས” བསོད་ནམས་དངོས་གྲུབ་ཀྱིས་བཟོད་སྒོམ་བྱས་ཏེ་ཡར་ལངས་ནས་རྨ་ཁར་ལྟ་ཁོམ་མ་བྱུང་བར་ལས་རོགས་དང་མཉམ་དུ་ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་པར་བསྐྱོད།
རྗེས་འདེད་གཏོང་མཁན་གྱི་མི་དམངས་ཉེན་རྟོག་པ་མཐོང་སྐབས། ཉེས་གསོག་དོགས་ཅན་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཕ་བོང་ཆེན་པོ་ཞིག་གི་འཁྲིས་སུ་བྲོས་ནས་མི་དམངས་ཉེན་རྟོག་པར་ཁྱེད་ཚོ་ད་དུང་ངའི་འཁྲིས་སུ་ཡོང་ན་ང་གཙང་པོར་མཆོང་གི་ཡིན་ཞེས་བརྗོད་དེ་འཛིན་བཟུང་བྱེད་མཁན་མི་དམངས་ཉེན་རྟོག་པར་གཡོལ་ཐབས་བྱས། ཆུ་ཚོད་གཉིས་ཙམ་རྗེས་འདེད་བཏང་བ་མ་ཟད། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་པར་བརྟེན་མཐར་ཉེས་གསོག་དོགས་ཅན་གྱིས་འགོག་རྒོལ་མ་བྱས་པར་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད།
ཉེས་གསོག་དོགས་ཅན་བཟུང་རྗེས་ཚང་མའི་སེམས་པ་ལྷོད་ལ་བབས། འོན་ཀྱང་སྐབས་དེར་བསོད་ནམས་དངོས་གྲུབ་ཀྱི་ལུས་ལ་ན་ཟུག་ཆེན་པོ་ལངས། ལས་རོགས་ཚོའི་རོགས་རམ་འོག་བསོད་ནམས་དངོས་གྲུབ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད་པ་རེད། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། བསོད་ནམས་དངོས་གྲུབ་འཕྲལ་མར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན།
“སྐབས་དེ་དུས་ཉེས་གསོག་དོགས་ཅན་ངེས་པར་དུ་འཛིན་བཟུང་བྱེད་པ་ལས་བསམ་བློ་གཞན་གང་ཡང་འཁོར་མ་བྱུང་། ཉེན་རྟོག་པའི་ལས་ལ་གཞོལ་པའི་ཉིན་ནས་བཟུང་། རང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་འཛིནང་གི་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་ཉེ་ཆར་གསར་འགོད་པས་བསོད་ནམས་དངོས་གྲུབ་ལ་ཁ་པར་བརྒྱབ་ནས་གནས་ཚུལ་འདྲི་སྐབས་ཁོང་གིས་དེ་ལྟར་བརྗོད།
མིག་སྔར་བསོད་ནམས་དངོས་གྲུབ་སྨན་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་ཡོད་པ་རེད།
འདི་ལོ་ལོ་31ལ་སླེབས་པའི་བསོད་ནམས་དངོས་གྲུབ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ནས་ཡིན་པ་དང་2018ལོའི་ཟླ་དང་པོར་སྤྱི་བདེའི་དཔུང་ཁག་ནང་ཞུགས་པ་རེད། ལས་ཀར་ཞུགས་པ་ནས་བཟུང། ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་བྱས་ཏེ་དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀུན་སྤྱོད་དང་མི་དམངས་ཉེན་རྟོག་པའི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ་ཐོག་མའི་བསམ་འདུན་དང་ལས་འགན་རྒྱུན་གཏན་གྱི་ལས་ཀའི་ནང་བཅུག་ནས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་མི་དམངས་ཉེན་རྟོག་པ་ཞིག་གིས་ཏང་ལ་བརྗིད་ཉམས་ལྡན་པའི་ཁས་ལེན་བྱས་པ་ལག་ལེན་བསྟར་བཞིན་ཡོད།
རིན་སྤུངས་རྫོང་བྱེ་བ་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ནི་2013ལོའི་ཟླ་7པར་བཙུགས་ཤིང་། རིན་སྤུངས་རྫོང་དང་བར་ཐག་སྤྱི་ལེ་13ཡོད་པ་དེ་ནི་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་སྐྱོད་སའི་འགྲིམ་འགྲུལ་གྱི་འགྲོ་ལམ་གལ་ཆེན་ཞིག་ཡིན་པ་དང་དེར་གཞིས་རྩེའི“ཤར་སྒོ”ཞེས་བརྗོད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་། ཞིབ་བཤེར་ས་ཚིགས་དེས་བདེ་འཇགས་བརྟན་ལྷིང་གི་སྲུང་བཅད་འཐབ་ཇུས་ཀྱི་ངེས་གནད་ལ་གཏན་འཁེལ་བྱས་ནས“ཤར་སྒོ”ཡི་ནུས་པ་གང་ལེགས་བཏོན་ཡོད། 2023ལོར་རིམ་རྩིས་བྱས་ན་རླངས་འཁོར་ཐེངས་གྲངས་ཁྲི་9.6ལྷག་ཙམ་དང་མི་ཐེངས་ཁྲི་174ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་ཞིབ་བཤེར་ཚོད་འཛིན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཡོད་པ་རེད།