ཧོར་མཐའ་མཚམས་མངགས་གཏོང་ཁང་གིས“ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད། ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང”ཞེས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དྲིལ་བསྒྲགས་དང་དོན་འཁྱོལ་བྱས་ནས། གཞོན་ནུ་ལོ་ཆུང་གི་ཉེས་གསོག་ནུས་ལྡན་ངང་སྔོན་འགོག་དང་ཉུང་དུ་བཏང་སྟེ། དུས་བདེའི་སློབ་གྲྭ་དང་ཁྲིམས་སྐྱོང་སློབ་གྲྭ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་དུས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཧོར་མཐའ་མཚམས་མངགས་གཏོང་ཁང་གིས་སྤུ་ཧྲེ་རྫོང་ཧོར་ཤང་ཁྲིམས་འཛིན་སུའོ་དང་མཉམ་དུ“ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད། ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཧོར་ཤང་ཆ་ཚང་སློབ་ཆུང་དུ་བསྐྱོད་ནས། ན་སོ་དར་ལ་མ་བབས་པའི་མིའི་ལོ་ཚད་མི་འདྲ་བ་དང་འབྲེལ་བ་ཡོད་པའི་དབང་ཆ་དང་འོས་འགན་གཞིར་བཟུང་བ། 《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ཁག་གཉིས་ལ་དམིགས་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་སློབ་ཚན་ཁྲིད་པ་རེད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་རྒྱག་པ་དང་། ས་གནས་ས་ཐོག་ཏུ་དྲི་བར་ལན་རྒྱག་པ། བཅའ་ཁྲིམས་ཀྱི་དོགས་གནད་སེལ་བ་སོགས་བརྒྱུད། སློབ་མ་རྣམས་ལ《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང་། 《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》 སློབ་གྲྭའི་བརྙས་བཅོས་གཏན་འགོག ཉེས་གསོག་སྔོན་འགོག་སོགས་ཀྱི་ནང་དོན་དང་ལྷག་དོན་དུ་གནོད་འཚེ་ཕོག་སྐབས་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ཇི་ལྟར་སྲུང་དགོས་མིན་ཐད་འགྲེལ་བཤད་བརྒྱབ་ཡོད། མི་དམངས་ཉེན་རྟོག་པས་ད་དུང་ཧོར་ཤང་གི་ཁྲོམ་གཞུང་གཙོ་བོར་འཕྲེད་འགེལ་ཡི་གེ་སྦྱར་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། དྲན་རྟེན་དངོས་པོ་སྤྲོད་པ་བཅས་དང་དེ་བཞིན་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཚོར《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ནང་གི“ཁྱིམ་ཚང་གིས་སྲུང་སྐྱོང་དང་། སློབ་གྲྭས་སྲུང་སྐྱོང་། སྤྱི་ཚོགས་ཀྱིས་སྲུང་སྐྱོང་། རང་ངོས་སྲུང་སྐྱོང”སོགས་བཅའ་ཁྲིམས་ཀྱི་འགན་འཁྲིའི་འབྲེལ་ཡོད་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་གི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་བྱས་པ་དང་འབྲེལ། ཕན་ཚུན་དྲི་བར་ལན་རྒྱག་པ་སོགས་བརྒྱུད་ཁོངས་གཏོགས་ཁུལ་གྱི་མང་ཚོཌ་ཚོས་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་བའི་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།