ཁྲིམས་འགལ་ངང་སྲུང་སྐྱོང་སྲོག་ཆགས་རྔོན་མཁན་སྐྱེས་པ་3ཁྲིམས་རྒྱར་ཚུད་པ།
ཟླ་4ཚེས་17ཉིན་གྱི་ཆུ་ཚོད་19ཙམ་ལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་སོ་དྲུག་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཀྱིས་ཐེར་འདོན་བྱས་དོན། སོ་དྲུག་གྲོང་ཚོའི་ཚོགས་ཆུང་4པའི་ཉེ་འགྲམ་གྱི་རི་སྟེང་དུ་ཕི་གཱ་རླངས་འཁོར་དཀར་པོ་ཞིག་ཕར་འགྲོ་ཚུར་འོང་ཡང་ཡང་བྱེད་པ་དང་། རླངས་འཁོར་ནང་གི་སྐྱེས་པ་དེ་དག་རྣམ་ཀུན་མཐོང་མྱོང་མི་འདུག ད་དུང་ཁོ་ཚོའི་བྱ་ལུགས་བྱེད་སྟངས་ལའང་དོགས་པ་སྐྱེ་དགོས་པ་ཞིག་འདུག་པས་གང་མགྱོགས་བརྟག་དཔྱད་གནང་བར་ཕེབས་རོགས་ཞེས་ཞུས་པ་དེ་རེད།
ཉེན་དོན་སྙན་སེང་འབྱོར་རྗེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྩད་གཅོད་བྱས་མཐར་རླངས་འཁོར་དེ་རྙེད་ཅིང་། དེ་རང་ནས་བྱ་ཝང་གི་རོ་8དང་དེ་བཞིན་འགྱིག་མདའ་དང་། མདེལ་རིལ། རྙི་སོགས་རྩད་ཆོད་པ་མ་ཟད། ད་དུང་གྱོད་གཞི་དང་འབྲེལ་བ་ཡོད་པའི་སྐྱེས་པ་3བཀག་ཉར་བྱས་པ་རེད། དེ་དང་ཆབས་ཅིག་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་སྣེ་གདོང་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་དེ་གར་བརྟག་དཔྱད་དང་དཔང་རྟགས་ལེན་པར་བསྐྱོད་པ་རེད། སྣེ་གདོང་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆེད་ལས་སྒྲིག་གཞིར་མངགས་བཅོལ་བྱས་ནས་གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དང་འབྲེལ་བ་ཡོད་པའི་སྲོག་ཆགས་8ཚང་མ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་བྱ་ཝང་ཡིན་པ་དང་། བྱ་ཝང་རེར་རིན་ཐང་སྒོར་5000ཡིན་པར་བརྩིས་ན་བྱ་ཝང་8ལ་ཁྱོན་དངུལ་སྒོར་40000ཟིན་གྱི་ཡོད།
ཉེས་དོན་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། ཟླ་4ཚེས་17ཉིན་མཱ་མའོ་མའེ་ཡིས་མཱ་མའོ་ལུང་དང་ལིའུ་ཆེ་གེ་མོར་སོ་དྲུག་ཤང་དུ་རི་བྱ་གསོད་པར་འགྲོ་རྒྱུའི་གྲོས་འགོ་བཏོན་པར་ཁོ་གཉིས་ཀྱིས་ལམ་སེང་མོས་མཐུན་བྱས། རྙི་དང་། འགྱིག་མདའ། མདེལ་རིལ་སོགས་ཉེས་གསོག་ཡོ་བྱད་གྲ་སྒྲིག་ཚར་རྗེས་ཁོ་ཚོ་གསུམ་པོས་རླངས་འཁོར་བཏང་ནས་རི་ཁུལ་དུ་བྱ་ཝང་8བཟུང་ནས་བསད་པ་རེད།
འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་མཱ་མའོ་མའེ་དང་། ལིའུ་ཆེ་གེ་མོ། མཱ་མའོ་ལུང་བཅས་ཀྱིས་བྱ་ཝང་བསད་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་གོང་གསལ་གྱི་མི་གསུམ་པོར་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་འདི་སྔར་བས་རྩད་གཅོད་མཐའ་གསལ་བྱེད་བཞིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པར་བརྟེན་ཉེ་འཁོར་དུ་རི་སྐྱེས་སྲོག་ཆགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་འགྲོ་བཞིན་ཡོད། སྣེ་གདོང་ཆུས་ཀྱི་སྤྱི་བདེས་དྲན་སྐུལ་བྱས་དོན། རི་སྐྱེས་སྲོག་ཆགས་རྔོན་པའི་བྱ་ཐབས་གང་ཞིག་ཡིན་རུང་ཚང་མ་ནི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་ཞིག་ཡིན་པ་མ་ཟད། བཅའ་ཁྲིམས་ལ་ཁྱད་གསོད་བྱེད་པ་ཞིག་ཀྱང་ཡིན། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རྔོན་པ་དང་གསོད་མཁན་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད། གལ་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཉོ་ཚོང་། ཟ་བ་སོགས་ཀྱི་གནས་ཚུལ་ཡོད་པ་ཁྱེད་ཀྱིས་ཤེས་ཚེ་110ལ་ཁ་པར་བརྒྱབ་ནས་སྤྱི་བདེ་ལས་ཁུངས་ལ་དེ་དོན་ཐེར་འདོན་བྱེད་དགོས།
བཅའ་ཁྲིམས་གསལ་འགྲེལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པར། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་བསད་པའམ་ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཆད་པ་གཅོད་རྒྱུ་དང་འབྲེལ་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་ཡན་ནས་ལོ་བཅུ་མན་བར་བྱ་རྒྱུ་དང་འབྲེལ་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ་བཅུ་ཡན་བྱ་རྒྱུ་དང་འབྲེལ་དངུལ་ཆད་གཅོད་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་རེད་ཅེས་འཁོད་ཡོད།