དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྒོར་ཁྲི་6ཁ་བསླུས་བརྒྱབ་པ།

    མི་གཞན་གྱི་སྐད་འཕྲིན་ཨང་གྲངས་སྤྱད་ནས་ཁ་བསླུས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་མི་གཞན་གྱི་སྐད་འཕྲིན་ཨང་གྲངས་སྤྱད་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་1བཟུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་22ཉིན་ཟངས་རི་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཧན་ཆེ་གེ་མོས་ཁོང་ཚོའི་ཁོངས་གཏོགས་ཁུལ་གྱི་ཕུར་ཆེ་གེ་མོས་སྒོར་ཁྲི་5ལྷག་ཙམ་ཁ་བསླུས་བརྒྱབ་པའི་སྐོར་སྙན་སེང་ཞུས། གནས་ཚུལ་ཤེས་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོས(སྐྱེས་པ། བོད་རིགས། བོད་ལྗོངས་ཟངས་རི་ནས་ཡིན་པ)རང་ཉིད་ཟངས་རི་རྫོང་ཁོངས་གཏོགས་ཁུལ་གྱི་ཀུང་སི་ཞིག་གི་མཛོད་གཉེར་ཡིན་ཁུལ་གྱིས་ཀུང་སིའི་ཉོ་སྒྲུབ་ཀྱི་རྩིས་ཐོ་དང་གན་རྒྱ་དང་དེ་བཞིན་ཀུང་སིའི་འགན་འཁུར་བའི་མིང་རྟགས་རྫུན་མ་བཟོས་པ་དང་འབྲེལ་ཀུང་སིའི་འགན་འཁུར་བའི་སྐད་འཕྲིན་སྤྱི་རྟགས་སྤྱད་དེ་2023ལོའི་ཟླ་11པ་ནས་ད་བར་ཧན་ཆེ་གེ་མོའི་ས་ནས་རླངས་འཁོར་གྱི་འཁོར་ལོ་ཉོ་བར་ཁ་གཡར་ཏེ་སྔ་རྗེས་སུ་ཧན་ཆེ་གེ་མོའི་ས་ནས་དངུལ་སྒོར་59000ལྷག་ཙམ་ཁ་བསླུས་བརྒྱབ་པ་རེད། འདྲི་རྩད་བརྟག་དཔྱད་དང་དཔང་རྟགས་འཚོལ་བསྡུ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་ཡིན་པ་ཤེས་ནས་ཁོ་པ་བཟུང་བ་རེད།

    འདྲི་རྩད་བྱས་རྗེས། ཕུར་ཆེ་གེ་མོས་མི་གཞན་གྱི་སྐད་འཕྲིན་སྤྱད་པ་དང་། ཀུང་སིའི་ཉོ་སྒྲུབ་ཀྱི་རྩིས་ཐོ་དང་གན་རྒྱ་རྫུན་མ་བཟོས་ནས་ཁ་བསླུས་བརྒྱབ་པའི་ཉེས་གསོག་ངོས་ལེན་ཞུས་པ་རེད།

    མིག་སྔར་ཕུར་ཆེ་གེ་མོས་ཁ་བསླུས་བརྒྱབ་པའི་ཉེས་པ་བསགས་པར་བརྟེན་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།