སྒྲིག་སྲོལ་གསར་པ་ཁྱབ་བསྒྲགས་བྱས་རྗེས་ལྗོངས་ཡོངས་ཀྱི་ལག་ཁྱེར་མེད་པར་མི་མེད་གནམ་གྲུ་བཏང་བའི་གྱོད་གཞི་ཐོག་མ་ཞིབ་བཤེར་ཐག་གཅོད་བྱས་པ།
ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་19ཉིན། ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱིས་ལག་ཁྱེར་མེད་པར་མི་མེད་གནམ་གྲུ་བཏང་བའི་གནས་ཚུལ་ཞིག་ཤེས་རྟོགས་ཐུབ་ཡོད། དེ་ཡང་2024ལོའི་ཟླ་1ཚེས་1ཉིན་ནས་བཟུང《མི་མེད་གནམ་གྲུའི་འཕུར་སྐྱོད་དོ་དམ་གནས་སྐབས་སྲོལ་ཡིག》གི་གཏན་འབེབས་ལག་བསྟར་བྱས་རྗེས། ལྗོངས་ནང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་མེད་པར་མི་མེད་གནམ་གྲུ་བཏང་བའི་གྱོད་གཞི་ཐོག་མ་དེ་ཐག་གཅོད་བྱས་པ་རེད།
ཚན་པ་ཁག་དང་མི་སྒེར་གྱིས་མི་མེད་གནམ་གྲུ་གཏོང་སྐབས《མི་མེད་གནམ་གྲུའི་འཕྲུལ་ཆས་དོ་དམ་གྱི་གནས་སྐབས་སྲོལ་ཡིག》ལ་གཞིགས་ཏེ་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཁྲིམས་དང་མཐུན་པ་དང་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕུར་སྐྱོད་བྱེད་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་འཕུར་སྐྱོད་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་མ་ཟད། ཉེས་པ་གསོག་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
ཟླ་3ཚེས་19ཉིན་གྱི་ཆུ་ཚོད་10ཙམ་ལ། ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་གཉིས་བཀུར་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར“ང་ཚོའི་དམག་སྒར་གྱི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་འཕུར་གྱི་འདུག་པས། ཁྱེད་ཚོས་བརྟག་དཔྱད་དང་ཐག་གཅོད་བྱེད་རོགས”ཞེས་པའི་ཁ་པར་འབྱོར་འཕྲལ་ཉེན་རྟོག་པས་དམག་སྒར་ཉེ་འགྲམ་དུ་ཡོད་པའི་དུད་ཚང་བཤེར་སྐབས་དུད་ཚང་ཞིག་གི་སྒོ་རའི་ནང་ནས་ཏེང་ཆེ་གེ་མོ་སོགས་མི་གསུམ་གྱིས་མི་མེད་གནམ་གྲུ་བཏང་བ་ཤེས། མི་དམངས་ཉེན་རྟོག་པས་མི་མེད་གནམ་གྲུར་བརྟག་དཔྱད་བྱས་པ་བརྒྱུད། ཏེང་ཆེ་གེ་མོས་བཏང་བའི་མི་མེད་གནམ་གྲུ་དེར་བླང་བྱ་ལྟར་ཐོ་འགོད་བྱས་མེད་པ་མ་ཟད། དོ་དམ་ཚོད་འཛིན་མཁའ་དབྱིངས་ཀྱི་འཕུར་སྐྱོད་མཐོ་ཚད་ལས་སྨི་120བརྒལ་ཡོད། 《མི་མེད་གནམ་གྲུའི་འཕུར་སྐྱོད་དོ་དམ་གནས་སྐབས་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཁོ་པར་སྲིད་འཛིན་གྱི་ཐ་ཚིག་བསྒྲགས་པ་དང་དངུལ་ཆད་སྒོར་500བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུ་འཕུར་སྐྱོད་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་བླང་བྱ་ཁག་ལྔ་ཚང་དགོས་པ་སྟེ། དང་པོ། མིང་ངོ་མ་འགོད་དགོས། མི་མེད་གནམ་གྲུས་དམངས་སྤྱོད་ཁ་ལོ་བའི་མཁའ་འགྲུལ་ཕྱོགས་བསྡུས་སྟེགས་བུ(https://uom.caac.gov/cn)བརྒྱུད་ཁྲིམས་ལྟར་ཐོ་འགོད་བྱས་ནས་འཕྲུལ་ཆས་ཐོག་ཐོ་འགོད་རྩ་གཉིས་བཤེར་རྟགས་སྦྱར་དགོས། གཉིས་པ། ཐོ་འགོད་སྙན་སེང་ཞུ་དགོས། འཕྲིན་གཏོང་སྦྲེལ་ཚུགས་སམ་ཡང་ན་དྲ་སྦྲེལ་བརྒྱུད་མི་མེད་གནམ་གྲུའི་བར་མཐུད་འཕུར་སྐྱོད་བྱེད་པའམ་ཡང་ན་མི་ཚོགས་སྟེང་འཕུར་སྐྱོད་བྱེད་དགོས་ཚེ། སྔོན་ལ་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་སྒྲིག་གཞིར་འཕུར་སྐྱོད་ཆོག་པའི་རེ་ཞུ་འབུལ་དགོས། གསུམ་པ། གང་བྱུང་དུ་འཕུར་མི་ཆོག སྲིད་གཞུང་གིས་སྤྱི་བསྒྲགས་བྱས་པའི་འཕུར་སྐྱོད་ཆོག་སར་འཕུར་སྐྱོད་བྱེད་པ་ལས། མཐོ་ཚད་དང་དོ་དམ་གྱི་མངའ་ཁོངས་ནས་བརྒལ་མི་ཆོག བཞི་པ། བདེ་འཇགས་ལ་སྣང་ཆེན་བྱེད་དགོས། འཕུར་སྐྱོད་མ་བྱས་གོང་། མི་མེད་གནམ་གྲུར་ཞིབ་བཤེར་ཡག་པོ་བྱས་ནས་འཕུར་སྐྱོད་ཀྱི་ཆ་རྐྱེན་དང་མཐུན་དགོས་པ་མ་ཟད། མཚན་མོ་འཕུར་སྐྱོད་བྱེད་སྐབས་ཉེན་བརྡའི་གློག་སྒྲོན་སྤོར་དགོས། ཆང་རག་བཏུངས་རྗེས་དང་གནམ་གཤིས་ཡག་པོ་མེད་པའམ་ཡང་ན་མི་ཚོགས་མང་བའི་མཁའ་དབྱིངས་སུ་འཕུར་མི་ཆོག་ལ་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པའི་སྔོན་འགོག་བྱེད་དགོས། ལྔ་པ། སྤྱི་པའི་སྤྱོད་ལམ་དང་མཐུན་པ་བྱེད་དགོས། ཆོག་མཆན་མ་ཐོབ་གོང་མི་མེད་གནམ་གྲུ་མི་གཞན་གྱི་སྡོད་ཁང་དང་གཞུང་ལས་བྱ་ཡུལ་སོགས་སུ་འཕུར་མི་ཆོག་ལ། མི་མེད་གནམ་གྲུ་སྤྱད་དེ་ལྐོག་ལྟ་དང་སྒྲ་ཕབ་བརྙན་ཕབ་སོགས་མི་གཞན་གྱི་གསང་དོན་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་སྤེལ་མི་ཆོག་པ་དང་། མི་མེད་གནམ་གྲུ་སྤྱད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་སྤེལ་མི་ཆོག