ཆབ་མདོ་ཁྲིམས་ཁང་གིས།
ཡུལ་གཞན་དུ་བསྐྱོད་དེ་ལག་བསྟར་གྱོད་གཞི་380ཐག་བཅད་པ།
ན་ནིང་ནས་བཟུང་། ཆབ་མདོ་ཁྲིམས་ཁང་གིས་ལག་བསྟར་དཀའ་གནད་ལ་དམིགས་ཏེ། སྔོན་ཚུད་ནས་ཇུས་གཞི་བཀོད་པ་དང་མཉམ་འགུལ་སྦྲེལ་མཐུད་ཡག་པོ་བྱས་ནས“བོད་ཤར་རྒྱུད་ཀྱི་སྟོན་རླུང”གི་ཡུལ་གཞན་དུ་གཅིག་སྡུད་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། སྟབས་བསྟུན་ཁྲིམས་འཛིན་གྱི་ལས་དོན་ཏག་ཏིག་བསྒྲུབས་པ་དང་དམངས་ལ་ཞབས་འདེགས་ཡག་པོ་ཞུས་པ། ཁྲིམས་གཅོད་དང་ཁྲུན་བཅད་ལག་བསྟར་མི་བྱེད་པ་དང་། དེ་དག་ལ་གཡོལ་བ། ལག་བསྟར་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་བྱ་ཐབས་ནུས་ལྡན་སྤྱད་ནས་རྡུང་རྡེག་བཏང་བ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་སྔ་རྗེས་སུ་ལས་བྱེད་ཉེན་རྟོག་པ་67མངགས་ནས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་29བཙུགས་ཏེ་སི་ཁྲོན་དང་། ཀུའེ་ཀྲོའུ། ཁྲུང་ཆིང་། ཡུན་ནན། ཧྲའན་ཤིས། མཚོ་སྔོན་སོགས་སུ་སྤྱི་ལེ་ཁྲི་18.83ཙམ་དུ་བསྐྱོད་དེ་ལག་བསྟར་གྱོད་གཞི་380གྲུབ་འབྲས་ཐོབ་པའི་ངང་ཐག་བཅད་པའི་ནང་གྱོད་གཞི་182ལག་བསྟར་འདུམ་འགྲིག་བྱས་པ་དང་། གྱོད་གཞི་110བཙན་ཤེད་ཀྱིས་ལག་བསྟར་བྱས་པ། གྱོད་གཞི་87རང་འགུལ་ངང་ལག་བསྟར་བྱས་པ། གནས་སྐབས་ཁྲུན་གཅོད་བྱེད་མཚམས་བཞག་པའི་གྱོད་གཞི་1ཡོད་པ་རེད། ལག་བསྟར་དམིགས་སར་འབྱོར་བའི་དངུལ་འབོར་སྒོར་ཁྲི་3893.1ལྷག་ཙམ་དང་བུ་ལོན་མགོ་གཏུག་བཏང་བའི་སྒོར་ཁྲི་548.7ལྷག་ཙམ་ཟིན་པ་དང་། ཁྱོན་རྒྱུ་ནོར་ཁག་20ཉམས་མེད་སྲུང་སྐྱོང་བྱས་པ་དང་། ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་ལ་བརྟག་དཔྱད་ཐེངས་1271བྱས་པ། རླངས་འཁོར་47ལ་རྒྱ་བཏབ་པ། ཁང་པ་77ལ་སྒོ་ཐེལ་བརྒྱབ་པ། ས་ཞིང་སྤྱོད་དབང་ལག་ཁྱེར་སོགས་དངོས་པོ་གཞན་དག་8ལ་རྒྱ་བཏབ་པ། ལག་བསྟར་བྱ་ཡུལ་གྱི་མི་82བཀག་ཉར་རྩིས་སྤྲོད་བཅས་བྱས་པ་རེད།