དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྐྱེ་ཁམས་བདེ་འཇགས་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་བེད་མེད་འཕྲུལ་སྣུམ་ཐག་གཅོད་བརྒྱུད་རིམ་ལ་ཞིབ་བཤེར་ལྟ་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    འདི་ནི་ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་ཡིན་པ།

    ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་དེ་དང་ཤང་དེའི་ཁོངས་གཏོགས་ནང་གི་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ལས་རིགས་ལ་སྤྱི་ཕན་གཏུག་བཤེར་གྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་ཏེ། ཉེན་ཡོད་བེད་མེད་འཕྲུལ་སྣུམ་ལ་དོ་དམ་དང་ཉར་ཚགས་བྱས་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཤིང་། ས་གནས་ས་ཐོག་ཏུ་བཅར་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད་རླངས་འཁོར་ཉམས་བཟོ་ཁང་མང་ཆེ་བའི་ས་ངོས་ལ་སྣུམ་སྙིགས་ཀྱིས་ཁེངས་པ་དང་། མཁའ་རླུང་ཁྲོད་སྣུམ་རླངས་ཀྱི་དྲི་མ་འཐུལ་བ། བེད་མེད་འཕྲུལ་སྣུམ་གྱི་གསོག་སྣོད་གང་བྱུང་དུ་བཞག་པ། གཏན་འབེབས་ལྟར་ཉེན་ཡོད་ཟོག་རོའི་མཚོན་རྟགས་བཀལ་མེད་པ། བེད་མེད་འཕྲུལ་སྣུམ་དོ་དམ་གྱི་རྩིས་ཁྲ་བཟོས་མེད་པ། ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ལྟར་བེད་མེད་འཕྲུལ་སྣུམ་གསོག་ཉར་དང་དོ་དམ་བྱས་མེད་པ། ཁོར་ཡུག་སྦགས་བཙོག་གི་ཉེན་ཁ་དང་མེ་སྐྱོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པ་བཅས་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། འཕྲུལ་སྣུམ་གང་སར་བཤོས་ན་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ། མི་དམངས་མང་ཚོགས་ཀྱི་བདེ་ཐང་བཅས་ལ་གནོད་འཚེ་ཆེན་པོ་བཟོ་སྲིད་ལ། ཁོར་ཡུག་ཉམས་གསོའི་ཐད་ལའང་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་གི་རེད། སྦགས་བཙོག་འགོག་བཅོས་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། གོང་གསལ་གྱི་གནད་དོན་ལ་དམིགས་ནས་དཔང་རྟགས་ཁུངས་བཙན་བཏོན་ནས་མཐུན་སྦྱོར་བྱས་རྗེས་འགན་འཁྲིའི་སྡེ་ཚན་ལ་སྤྱི་ཕན་གཏུག་བཤེར་མ་བྱས་གོང་གི་གོ་རིམ་བརྒྱུད་དུ་འཇུག་གི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།