འགྲིམ་འགྲུལ་སྒྲིག་ལམ་སྣང་མེད་བཏང་། མཐའ་མ་ཁྲིམས་ཀྱི་རྒྱ་རུ་ཚུད།
འདི་ནི་འགྱུར་ཆེ་གེ་མོ་དང་ཁྲིམས་འགལ་རླངས་འཁོར་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་ལ་མང་ཚོགས་ཀྱི་ཁ་པར་ཞིག་འབྱོར། ཁ་པར་ནང་ཚོང་དོན་རླངས་འཁོར་ཆུང་གྲས་ཤིག་གི་ནང་སློབ་མ་མང་པོ་ཞིག་བླུགས་པ་མཐོང་བྱུང་། ཚད་ལས་བརྒལ་བའི་དོགས་པ་འདུག་ཅེས་ཐེར་འདོན་བྱས། དེ་འཕྲལ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་གློག་མིག་ལ་བལྟས་ཏེ་ཉང་བྲན་ཁྲོམ་གཞུང་ནས་རླངས་འཁོར་དེ་བཀག་པ་རེད།
ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་དེའི་ཚད་གཞི་མི་7ཡིན་རུང་དངོས་སུ་མི་9བླུགས་པས་ཁྲིམས་ལས་འགལ་ཡོད། ཁ་ལོ་བ་འགྱུར་ཆེ་གེ་མོ་ཕུད་ཚང་མ་ལོ་བདུན་བརྒྱད་ཡས་མས་ཀྱི་ཕྲུ་གུ་ཤ་སྟག་ཡིན་པས་ཉེན་ཁ་ཆེན་པོ་ཡོད་པ་རེད། ཞིབ་བཤེར་བྱས་པ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་འགྱུར་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་12ཆ་ཚང་བཅག་ཟིན་པ་དང་ལག་ཁྱེར་བཙན་ཉར་བྱེད་སྒང་ཡིན་པ་ཤེས།
མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད། འགྱུར་ཆེ་གེ་མོ་ནི་བཅོལ་ཉར་ལྟེ་གནས་ག་གེ་མོའི་ཁ་ལོ་བ་ཡིན་པ་དང་། སྟེས་དབང་གི་བསམ་པ་བཅངས་ནས་རླངས་འཁོར་གཏོང་མི་ཆོག་བཞིན་དུ་ད་དུང་ཕྲུ་གུ་ཚད་ལས་བརྒལ་ནས་བླུགས་ཏེ་སྐྱེལ་གྱི་ཡོད་པ་རེད།
དེ་རྗེས། མི་དམངས་ཉེན་རྟོག་པས་འགྱུར་ཆེ་གེ་མོར་སྐྱོན་བརྗོད་ནན་པོ་དང་ཁྲིམས་ལུགས་སློབ་གསོ་བཏང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་བཅད་པ་མ་ཟད། རླངས་འཁོར་གཞན་བཀོད་སྒྲིག་བྱས་ནས་ཕྲུ་གུ་རྣམས་སྐྱེལ་བར་བཏང་བ་རེད།