དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྱེད་ཀྱི་ངོ་གདོང་ནས་ལས་སྒྲུབ་ཀྱི་སྙིང་སྟོབས་མཚོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    “ཟླ་4ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ཕྱིའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཡིན་ཡང་སྨར་ཁམས་རྫོང་གི་མི་དམངས་ཉེན་རྟོག་པས་ད་དུང་མི་དམངས་ཀྱི་ཆེད་དུ་འགྲིམ་འགྲུལ་བཀོད་འདོམས་དང་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་ཡོད་པས་ཁོང་ཚོ་ནི་དངོས་གནས་མི་དམངས་ཀྱི་གཞུང་ཞབས་ཡག་པོ་ཞིག་རེད་འདུག”ཅེས་བོད་དུ་ཡོང་བའི་ལམ་བར་དུ་ཁ་བ་ཆེན་པོ་བབས་པས་སྨར་ཁམས་རྫོང་དུང་མདའ་ལའི་རི་གཤམ་དུ་ལུས་པའི་ཡུལ་སྐོར་བ་ལུང་ཆེ་གེ་མོས་རང་ཉིད་ཀྱི་འབྲེལ་ལམ་ལས་སྟེགས་ཐོག་བརྙན་ཐུང་ཅིག་བསྐུར་བར་འདི་ལྟར་བྲིས་ཡོད།

    ཟླ་4ཚེས་9ཉིན་གྱི་དགོང་མོ་ནས་ཟླ་4ཚེས་10ཉིན་གྱི་ཐོ་རེངས་བར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5130ཟིན་པའི་དུང་མདའ་ལའི་རི་གཤམ་ཏུ་ཁ་བ་ཆེན་པོ་བབས་ནས་རླངས་འཁོར་མང་པོ་ཞིག་གནས་འདིར་ལུས་ཡོད། ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པ་ཀརྨ་དང་ལས་རོགས་ཚོས་ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་བཀོད་འདོམས་དང་། རླངས་འཁོར་ལ་འབུད་རྒྱག་རྒྱག་རོགས། པུས་མོ་སར་བཙུགས་ནས་གངས་འཁྱགས་གཙང་སེལ་སོགས་བྱས་པ་དང་། མང་ཚོགས་ལ་ཟ་རྒྱུ་དང་འཐུང་རྒྱུ་མེད་པ་ཤེས་སྐབས་འགྲིམ་འགྲུལ་ཉེན་རྟོག་པ་ཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་ཁ་ཟས་རྣམས་མང་ཚོགས་ལ་སྤྲད་དེ་བཟའ་བཏུང་གི་གནད་དོན་ཐག་གཅོད་བྱས་ཡོད།

    ཀརྨ་ནི་སྨར་ཁམས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རིམ་པ་དང་པོའི་ཉེན་རྟོག་པ་ཞིག་ཡིན་པ་དང་། 2018ལོའི་ཟླ་8པར་ལས་ཀར་ཞུགས། ཁོང་གིས་གཙོ་བོ་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་གཞི་ཐག་གཅོད་སོགས་བྱེད་ཀྱི་ཡོད། འོན་ཀྱང་གནམ་གཤིས་ངན་པ་འཕྲད་ཐེངས་རེར་ཁོང་གིས་རང་འགུལ་ངང་གཞི་རིམ་གྱི་འཐབ་ས་དང་པོར་འགྲོ་ལམ་ཤར་གཏོང་འགན་ལེན་བྱེད་པའི་ལས་དོན་ནང་ཞུགས་རྒྱུའི་རེ་ཞུ་བྱེད་ཀྱི་ཡོད། ལས་རོགས་དང་འགོ་ཁྲིད་ཀྱི་མིག་ནང་ཁོང་ནི་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་མཁན་གྱི“ཕུལ་བྱུང་དཔེ་དམག”ཅིག་རེད།

    ད་ཐེངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་ཀརྨ་ཡིས་དེ་ནི་ང་དང་ལས་རོགས་ཚོའི་རྒྱུན་གཏན་གྱི་ལས་ཀའི་རྣམ་པ་ཞིག་དང་མི་དམངས་ཉེན་རྟོག་པའི་རང་འཁྲིའི་ལས་འགན་ཞིག་རེད། མང་ཚོགས་ཀྱིས་ངའི་ལས་ཀར་ཁས་ལེན་བྱས་པ་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་རང་འགན་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད།

    ཀརྨ་ནི་འགྲིམ་འགྲུལ་ཉེན་རྟོག་པ་ཁྲི་སྟོང་མང་པོའི་བསྡུས་རིས་ཙམ་ཡིན་ལ་སྨར་ཁམས་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པ་ཚོའི་རྒྱུན་གཏན་གྱི་ལས་ཀའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲང་ངར་ཆེ་བའི་དགུན་ཁ་དང་། ཚ་གདུག་ཆེ་བའི་དབྱར་ཁ། དེ་བཞིན་དྲག་ཆར་རླུང་འཚུབ་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་ངོ་གདོང་སྟེང་གི་སེར་ག་དེ་གཟི་བརྗིད་ཀྱི“གཟེངས་རྟགས”ཤིག་ཏུ་བརྩི་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།