དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དམངས་ཀྱི་བྱ་བ་ཆུང་ཙག་ཡིན་ཡང་བསྒྲུབས། དམངས་ཀྱི་བདེ་སྡུག་བློ་ལ་བརྟན་པོར་བཅངས།

    —— རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་སྲིད་བཀུར་དམངས་གཅེས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    “སྐུ་ལས་ཁག་སོང་། མཉམ་དུ་ཞལ་ལག་མཆོད་པར་ཕེབས” ཟླ་3ཚེས་10ཉིན་གྱི་ས་སྲོས་སུ་མི་དམངས་ཉེན་རྟོག་པ་ཏེང་ཧྥུའུ་ཆང་གིས་ཨ་མ་ཆོས་ཉིད་ཀྱི་ཁྱིམ་དུ་གཙང་སྦྲ་བྱས་ཚར་རྗེས་ཨ་མ་ཆོས་ཉིད་ཀྱིས་ཁོང་གི་ལག་ནས་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    ཨ་མ་ཆོས་ཉིད་ཀྱི་བུ་དང་མནའ་མ་རྒྱུན་དུ་འབྲོག་རར་ཕྱུགས་འཚོ་བར་འགྲོ་དགོས་པ་དང་། ཚ་བོ་དང་ཚ་མོ་ཡང་ས་ཆ་གཞན་དུ་སློབ་གྲྭར་འགྲོ་གི་ཡོད་པས་ཁྱིམ་དུ་ཁོང་རང་གཅིག་པུ་ཡིན་པ་དང་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་ཚང་མ་ཁོང་གཅིག་པུས་བྱེད་དགོས་ཀྱི་ཡོད། ལོ་མང་རིང་དཀའ་ལས་ཁག་དྲགས་པའི་རྐྱེན་གྱིས་ཁོང་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་ཡོད་ལ་ལོ་ན་རྒས་པའི་རྐྱེན་གྱིས་རྐང་ལག་ཀྱང་ཐང་པོ་མེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཏེང་ཧྥུའུ་ཆང་གིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་དེ་གོས་འཁྲུད་རོགས་དང་གད་ཕྱིས་རྒྱག་རོགས་སོགས་བྱེད་ཀྱི་ཡོད།

    ཏེང་ཧྥུའུ་ཆང་གིས་བོད་རིགས་ཨ་མ་ཁོང་ལ་རོགས་པ་བྱེད་པའི་གཏམ་རྒྱུད་དེ་ནི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལོ་མང་རིང་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས“སྲིད་བཀུར་དམངས་གཅེས”ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁྱད་ཆོས་ལ་གཞིགས་ནས། “སྐོར་སྲུང+བཅའ་ཁྲིམས་ཁྱབ་གདལ+ཞབས་ཞུའི”བྱེད་ཐབས་གཏོད་པ། བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་གཅེས་དམངས་ཆེད་བཅས་ལ་ཤུགས་རྒྱག་པ། བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་དང་། འགལ་ཟླ་གཞི་རིམ་དུ་སེལ་བ་བཅས་བྱས་པར་བརྟེན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། 2023ལོར་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་ལ་བོད་ལྗོངས་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་སྤྲད་པ་དང་འབྲེལ“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་ཡང་སྤྲད་པ་རེད།

    ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། ཉེ་བའི་ལོ་ཤས་རིང་། མངགས་གཏོང་ཁང་གིས་མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རུ་ཐོག་གྲོང་རྡལ་སྲིད་གཞུང་དང་མཉམ་དུ་མཐའ་མཚམས་ཀྱི་འཐབ་སར“མཐའ་མཚམས་བཙན་རྫོང་དུད་ཚང”172བཙུགས་པ་དང་། མཐའ་མཚམས་ཀྱི་མང་ཚོགས་ཁྲོད་ནས་མཐའ་སྲུང་བ་169བདམས་ནས་གསོ་སྦྱོང་བྱས་པ། “མི་དམངས་ཉེན་རྟོག་པ+མཐའ་སྲུང་བའི”སྐོར་སྲུང་ལམ་སྲོལ་ཟབ་ཏུ་བཏང་བ་བཅས་བྱས་ཏེ་མི་དམངས་ཉེན་རྟོག་པ་དང་མཉམ་དུ་མཐའ་མཚམས་ལ་སྐོར་གཡེང་དང་། སྒྲིག་བཀོད་སྲུང་སྐྱོང་། ཁོངས་གཏོགས་ཁུལ་བཅོས་སྐྱོང་བཅས་ནང་ཞུགས་པར་བརྟེན“ཁྱིམ་ཚང་ཚང་མ་སོ་ལྟ་ཁང་དང་མི་ཚང་མ་སོ་དམག་ཡིན་པའི”གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ཡོད།

    དེ་དང་ཆབས་ཅིག་མངགས་གཏོང་ཁང་གིས་རིག་གནས་བྱང་ཚད་མཐོ་བ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་དམངས་སྲོལ་ལ་བྱང་ཆུབ་པའི་མི་དམངས་ཉེན་རྟོག་པ་ཁག་གཅིག་བདམས་ནས་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ཏེ་སྡེ་ཁུལ་དང་། འབྲོག་ར། ཚོང་ཁང་། སློབ་གྲྭ་བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དཔྱད་ཡིག་དང་རིགས་པའི་གཞུང་ལུགས་ཀྱི་ལག་དེབ་སྤྲད་པ་དང་འབྲེལ་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གསལ་འགྲེལ་ཡང་བྱས་པ་རེད། ཁོངས་གཏོགས་ཁུལ་གྱི་ཉེན་དོན་ཁང་4དང་། “སེམས་མཐུན་མཐའ་བརྟན་ཉེན་རྟོག་དང་ས་གནས་ཀྱི་བྱེད་སྒོ་ཁང” “ཞབས་ཞུའི་ས་ཚིགས”སོགས་ཏང་འཛུགས་སྐྱོང་གི་གཡུལ་ས་མདུན་མ་བེད་སྤྱོད་གང་ལེགས་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་གཞི་རིམ་མང་ཚོགས་ཀྱིས་ཏང་གི་དམངས་ཕན་དམངས་བདེའི་སྲིད་ཇུས་དེ་བས་རྟོགས་པ་དང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཆོད་སེམས་འཕེལ་བར་བྱས་ཡོད།

    “ལུག་ཚང་ནང་ཉིན་གཅིག་འགོར་ཡང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཐུབ་པས་ཧ་ཅང་དགའ་པོ་འདུག”ཅེས་ལུག་ལ་རྟགས་རྒྱག་བཞིན་པའི་ཉེན་རྟོག་པ་ལི་ཆོན་ཤན་གྱིས་བཤད།

    ཁོངས་གཏོགས་ཁུལ་གྱི་འབྲོག་པས་དོ་སྣང་ཆེ་ཤོས་བྱེད་པ་དང་། འབྲོག་པ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འབྲོག་པར་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་ཆེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འབྲོག་ཁུལ་དུ་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག མང་ཚོགས་ཀྱི་འཚོ་བའི་ཐད་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད། དེའང་གསའ་འགོག་པ། ནོར་ལུག་འཚོལ་རོགས། ལུག་ཚང་རྒྱག་རོགས་སོགས་བྱས་ཏེ་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།