དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་། ཁྱིམ་ཚང་མང་པོར་བདེ་སྐྱིད་བསྐྲུན།

    —— རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    2023ལོའི་མཐོ་སློབ་སློབ་ཐོན་སློབ་མའི(བོད་ལྗོངས་མི་རིགས་སློབ་ཆེན)ཆེད་དོན་ལས་བསྡུའི་འདུ་ཚོགས་ཚོགས་ཡུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས། འབྲེལ་མཐུད་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་ལས་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་དང་། འབྲེལ་མཐུད་ཀྱི་ལས་སྟེགས་སྐྲུན་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་བཏང་ཡོད། གཙོ་གནད་ལས་དོན་ཁག་དམ་འཛིན་དང་དོན་འཁྱོལ་ནན་པོ་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་རྣམས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བར་བདེ་སྐྱིད་ཀྱི་རྨང་གཞི་བཏིང་ཡོད།

    Aལག་རྩལ་སྣ་གཅིག་ལྡན་ན་གནམ་ས་ཡངས།

    2023ལོའི་ཟླ་11པར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ལི་ཐུང“དར་རྒྱས་བུམ་པའི”རྒྱལ་ཡོངས་གཞོན་ནུའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བཅོ་བརྒྱད་པར་ཞུགས་པ་རེད། མི་མེད་གནམ་གྲུའི་ཁ་ལོ་བ་དཔྱད་ཞིབ་བྱ་ཡུལ་དུ་ལི་ཐུང་དང་བདམས་ཐོན་པ་ཚོས་ལག་ནང་གི་རྒྱང་གཅུན་བཀོལ་སྤྱོད་ཀྱིས་རྣམ་གྲངས་མང་པོ་ཞིག་གི་བཀོལ་སྤྱོད་ལེགས་སྒྲུབ་བྱས་པ་རེད།

    “ད་ཆ་མི་མེད་གནམ་གྲུའི་གློག་རྡུལ་སྐོར་ཞིབ་བེད་སྤྱོད་ཧ་ཅང་རྒྱ་ཆེན་པོ་ཡོད། བོད་འདི་ཉིད་ས་བབ་མཐོ་བས། གལ་ཏེ་གློག་ཆེན་གློག་སྐུད་ལ་སྐྱོན་ཤོར་ཚེ་མི་མེད་གནམ་གྲུ་སྤྱད་ན་གློག་ཤུགས་བདེ་འཇགས་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཐུབ། དེར་བརྟེན་ད་རེས་ཀྱི་འགྲན་བསྡུར་བརྒྱུད་རང་ཉིད་ལ་སྦྱོང་བརྡར་བྱས་ནས་མི་མེད་གནམ་གྲུར་རྒྱུས་ལོན་དེ་བས་གཏིང་ཟབ་བྱས་ན་སླད་ཕྱིན་རང་ཉིད་ཀྱི་མདུན་ལམ་དང་ལས་ཞུགས་ཀྱི་ཁ་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་བསམ་བྱུང”ཞེས་ལི་ཐུང་གིས་བརྗོད།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སློབ་དོན་ཁྲུའུ་ཡི་འགན་འཁུར་བས། སློབ་གླིང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་འདི་དོན་ལ་བབས་སར་བརྩིས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱུང་འགྱུར་གྱི་ཁྲོམ་རའི་དགོས་མཁོར་དམིགས་པ་དང་། ལས་རིགས་སློབ་གསོ་ཡག་པོ་གཉེར་བ་དང་ས་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། ཁྲོམ་རའི་ཕྱོགས་སྟོན་གྱི་སློབ་གཉེར་བྱེད་སྟངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སློབ་ཐོན་སློབ་མ་ལས་ཞུགས་ལམ་བུའི་ཐོག་གོམ་པ་བརྟན་པོ་ཞིག་སྤོ་བར་གཞོགས་འདེགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    Bགཙོ་གནད་ཚོགས་སྤྱིར་འགན་སྲུང་ནུས་ལྡན་བྱས་པ།

    “ངས་ཐོན་ལས་གླིང་དུ་ལས་ཀ་ལོ་ཕྱེད་བྱས་པ་ཡིན་ལ་རྒན་རྒོན་དང་ཕྲུ་གུར་ལྟ་སྐྱོང་བྱེད་ཐུབ་ལ་ལག་རྩལ་ལ་བརྟེན་ནས་དངུལ་ཡང་གསོག་ཐུབ་བྱུང་། དེ་སྔོན་ཕྱོགས་ལ་གླ་པར་བསྐྱོད་པ་དང་བསྡུར་ན་ད་ཆའི་ལས་ཀར་མགུ་པོ་བྱུང”ཞེས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དབུལ་སྐྱོར་ཐོན་ལས་གླིང་བོད་རུམ་འཁེལ་འཐག་མཉམ་ལས་ཁང་གི་ངག་དབང་གིས་ལག་པའི་ནང་གི་དངུལ་རྩི་བཞིན་དགའ་ཚོར་ཆེན་པོའི་ངང་བཤད།

    ངག་དབང་ལ་ལས་ཀ་རག་རྗེས་ཀྱི་འཛུམ་མདངས་ལས་རང་ལྗོངས་ཀྱིས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་གཏོང་ལ་ཐོག་མཐའ་བར་གསུམ་དུ་འགན་སྲུང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཐུབ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སོགས་གཙོ་གནད་ཚོགས་སྤྱིར་དམ་པོར་དམིགས་པ་དང་། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་ངལ་རྩོལ་པའི་ལས་ཞུགས་འདོད་བློར་གཞིགས་པ། ཆ་འཕྲིན་མཐིལ་བཤེར་དང་ལས་ཞུགས་མཁོ་སྤྲོད། རྗེས་སྙེག་ཞབས་འདེགས་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱིར་གཏོང་སྒྲིག་འཛུགས་དང་། ཐོན་ལས་སྐུལ་ཁྲིད། རྣམ་གྲངས་ནང་འདྲེན། རྟེན་གཞི་བརྟན་པོ། སྤུས་རྟགས་སྣེ་ཁྲིད། གསོ་སྦྱོང་སྐུལ་གཏོང་སོགས་ཀྱི་ཐབས་ལམ་བརྒྱུད་གཙོ་གནད་ཚོགས་སྤྱིར་ཐབས་འདོན་དང་རམ་འདེགས་ཧུར་ཐག་བྱས་ཏེ་ཁོང་ཚོ“ལས་ཞུགས་བརྟན་གཏོང”གི་ལམ་དུ་སྐྱོད་ཐུབ་པར་བྱས་ཡོད།

    འདས་པའི་ལོ་གཅིག་གི་རིང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་64.7ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་65.6རག་སྟེ་འཕེལ་ཕྱོགས་བཟང་པོ་གྲུབ་ཡོད།

    རང་ལྗོངས་ཀྱི་2024ལོའི་དཔྱིད་རླུང་བྱ་སྤྱོད་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཆེ་གྲས་ཚོགས་ཡུལ་ཡིན་པ།

    Cཞབས་ཞུའི་ལས་སྟེགས་ལ་སྐུལ་འདེད་མགྱོགས་པོ་བཏང་བ།

    “ཧུའུ་ནན་གྱིས་ལས་ཞུགས་ཀྱི་ལས་གནས་འདི་འདྲ་བཟང་པོ་ཞིག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ། དེ་རིང་ནས་བཟུང་ངས་ལས་གནས་གསར་པར་འཚམ་པར་བྱས་ཏེ་ཡུལ་མི་ཚོར་མཐུན་སྒྲིལ་མཛའ་གྲོགས་དང་ཕན་ཚུན་རོགས་རམ་བྱས་ཏེ་ཧུའུ་ནན་ལ་ལེགས་སྐྱེས་སྔར་བས་མང་བ་འབུལ་གྱི་ཡིན”ཚོགས་སྒྲིག་རྣམ་པའི་ལས་ཞུགས་བོད་སྐྱོར་གྱི་ཕན་པ་ལས2023ལོར་ལྷག་སྒྲོན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཧུའུ་ནན་ཞིང་ཆེན་ཧྥེང་ཧོང་རྫོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཞིབ་སྡུར་ལྟེ་གནས་སུ་ལས་ཀར་ཞུགས་པ་རེད།

    རང་ལྗོངས་ཀྱིས་ཧུའུ་བོད་མཉམ་འགུལ་ཚོགས་སྒྲིག་རྣམ་པའི་ལས་ཞུགས་རོགས་སྐྱོར་བྱེད་སྟངས་གསར་པ་དཔྱད་གཞིར་བཟུང་ནས་ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་30ལྷག་བསྐྲུན་པ་དང་། གཞི་ཁྱོན་ཆེ་བའི“མི་བརྒྱ་ཚོགས་སྒྲིག”གི་ལྗོངས་ཕྱིའི་ལས་ཞུགས་ཐོག་མར་བཏོན་པ་དང་། ལྗོངས་ཕྱིར་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་3605ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་11.1%ཟིན་པ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་སློབ་བསྡུ་ལས་ཞུགས་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་པའེ་ཧུའེ་ཅོན་གྱིས། རང་ལྗོངས་ཀྱི་ལས་ཞུགས་བརྟན་གཏོང་གི་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱ་ཆེད། སློབ་གྲྭས་གསར་གཏོད་ལས་གཏོད་སྐྱོང་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ལྷ་སར་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཞབས་ཞུ་ལས་དོན་ས་ཚིགས་བཙུགས་ནས་སློབ་མར་བློ་ཁོག་ཆེན་པོས་གསར་གཏོད་དང་ལས་གཏོད་བྱེད་ཕོད་པར་ལྕག་སྐུལ་བྱས་པ་རེད། དུས་མཚུངས་སུ་སློབ་གྲྭས་སྐྱེས་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ཧྲའན་ཤིས་ཞིང་ཆེན་ལས་ཞུགས་ཞབས་ཞུ་འབྲེལ་གཏུག་ས་ཚིགས་ལ་བརྟེན་ནས་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཀར་ཞུགས་པར་ལྕག་སྐུལ་བྱས་ཡོད། “ཕྱིར་བསྐྱོད”ནས་ལས་ཞུགས་བྱེད་པ་དེ་རང་ལྗོངས་ཀྱི་ལས་ཞུགས་གྲངས་འབོར་དང་སྤུས་ཚད་ཆེར་གཏོང་གི་འཕར་གཞི་གསར་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    སླད་ཕྱིན་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལྗོངས་ཕྱིར་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ཀྱི་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ་དང་། ཐོན་ལས་གསར་པའི་བཟོ་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་རྒྱུན་མཐུད་ཤུཌ་སྣོན་རྒྱག་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་རིགས་གསར་པ་དང་ལས་རྣམ་གསར་པའི་རྩལ་ནུས་ལེགས་གཏོང་གསོ་སྦྱོང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།