སྒོར་ཁྲི་15ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་པ།
བྲག་གཡབ་སྤྱི་བདེས་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ཞིག་བཀག་འགོག་བྱས་པ།
ཉེ་ཆར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས“འདར་སྐད་ཀྱི་ཚོང་ཞབས་ཡིན་ཁུལ་བྱས་ཏེ་ཚོགས་མིའི་གྲོས་མཐུན་མེད་པར་བཟོ་བའི”གློག་འཕྲིན་ཁ་བསླུས་གྱོད་གཞི་ཞིག་བཀག་འགོག་བསླབ་བྱ་བྱས་ཏེ་མང་ཚོགས་ལ་སྒོར་ཁྲི་15ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་པ་རེད།
ཟླ་3ཚེས་25ཉིན་གྱི་ཆུ་ཚོད་17ཙམ་ལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་མཁྱེན་ལྡན་མ་ཧུའུ་ལགས་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཡོང་ནས་རང་ཉིད་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཕོག་པའི་དོགས་པ་འདུག་ཅེས་སྙན་སེང་ཞུས་པ་རེད། མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་མི་ཕོག་པ་བྱ་ཆེད། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་མགྱོགས་མྱུར་ངང་ཛ་དྲག་ལས་དོན་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཁྱེན་ལྡན་མ་ཧུའུ་ལགས་ལ་ཉིན་དེར་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་གྱི་རྣམ་འགྱུར་ནི་སེམས་རྩ་འཁོལ་ལ་ལྷག་བསམ་རྣམ་དག་ཡིན་པ་དང་། ད་དུང་དེས་རང་ཉིད་ནི“འདར་སྐད་ཀྱི་ཚོང་ཞབས་པ”ཡིན་ཞེས་བརྗོད། མི་དེའི་བཀོལ་སྤྱོད་ལ་ནོར་འཁྲུལ་བྱུང་བའི་དབང་གིས་མཁྱེན་ལྡན་མ་ཧུའུ་ལགས་ཀྱི་རྩིས་ཁྲ་ནས་ཚོགས་མིའི་ལས་སྒོ་ཞིག་ཁ་ཕྱེ་འདུག་པས་མཁྱེན་ལྡན་མ་ཧུའུ་ལགས་ལ་མཛུབ་ཁྲིད་ལྟར་མེད་པ་བཟོ་རྒྱུའི་རེ་བ་བཏོན། གལ་ཏེ་དེ་འདྲ་མ་བྱས་ཚེ་མ་ལག་གིས་ཟླ་རེར་དངུལ་ཁང་གཱ་ནས་རང་འགུལ་ངང་གྲོན་དངུལ་སྒོར་800འཐེན་གྱི་རེད་ཅེས་བཤད། མི་དེས་རང་གི་མིང་དང་འདར་སྐད་ཀྱི་ཨང་གྲངས་གནད་ལ་འཁེལ་བའི་སྒོ་ནས་བཤད་ཐུབ་པར་བརྟེན། མཁྱེན་ལྡན་མ་ཧུའུ་ལགས་སྐབས་ཤིག་རིང་དོགས་པ་ཆེན་པོ་མ་བྱུང་བར། “གཞུང་ཕྱོགས་ཀྱི་ཚོང་ཞབས་པ”དེའི་དྲན་སྐུལ་ལ་ཡིད་ཆེས་བྱས་པ་མ་ཟད། ཕ་རོལ་པོའི་མཛུབ་ཁྲིད་ལྟར་བཀོལ་སྤྱོད་ཀྱང་བྱས། བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་མཁྱེན་ལྡན་མ་ཧུའུ་ལགས་ཀྱི་སེམས་ལ་དོགས་པ་སྐྱེས་ཏེ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཡོང་ནས་རོགས་རམ་བྱེད་རོགས་ཞུས།
མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་དང་ཐོག་ཁོང་ལ་གྱོད་དཔེ་དབྱེ་ཞིབ་བྱས་ནས་མཁྱེན་ལྡན་མ་ཧུའུ་ལགས་ལ་སེམས་གསོ་བཏང་སྟེ། དེ་ནི་དྲ་རྒྱའི་ཁ་བསླུས་ཀྱི་རྒྱུན་སྤྱོད་བྱེད་ཐབས་ཤིག་ཡིན་པའི་སྐོར་བཤད་པ་དང་། དེ་ནས་ཁོང་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དབྱེ་འབྱེད་བྱེད་སྟངས་བསླབས་ནས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPཕབ་ལེན་སྒོས་བེད་སྤྱོད་བྱེད་སྟངས་བསླབས། བཀག་འགོག་བསླབ་བྱ་དུས་ཐོག་ཏུ་བྱས་པར་བརྟེན་དོ་བདག་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་མེད་པ་རེད།