ས་བཅད་གསུམ་པ། གར་སོང་ཆ་མེད་ཁྱབ་བསྒྲགས་དང་ཤི་བ་ཁྱབ་བསྒྲགས་བྱེད་པ།
◆ དོན་ཚན་བཞི་བཅུ་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་ལོངས་ཚེ། ཁེ་གྱོང་འབྲེལ་བ་ཡོད་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མེ་དེ་གར་སོང་ཆ་མེད་ཀྱི་མི་ཡིན་པར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག
◆ དོན་ཚན་ཞེ་གཅིག་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ཡུན་དེ་མི་དེ་གོ་ཐོས་མེད་པར་གྱུར་པའི་ཉིན་ནས་རྩི་དགོས། དམག་འཁྲུག་གི་རིང་དུ་གར་སོང་ཆ་མེད་དུ་གྱུར་ན། གར་སོང་ཆ་མེད་དུ་གྱུར་ཡུན་དེ་དམག་འཁྲུག་མཇུག་སྒྲིལ་ཉིན་ནམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་གཏན་འཁེལ་བྱས་ཉིན་ནས་རྩི་དགོས།
◆ དོན་ཚན་ཞེ་གཉིས་པ། གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་ནི་དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མ་བཅས་དང་ཡང་ན་རྒྱུ་ནོར་ཚབ་བདག་པ་བྱེད་འདོད་ཡོད་པའི་མི་གཞན་དག་གིས་ཚབ་བདག་བྱེད་དགོས།
ཚབ་བདག་བྱེད་པའི་ཐད་རྩོད་གཞི་བྱུང་ཚེ། དོན་ཚན་གོང་མར་བཀོད་པའི་མི་མེད་པའམ། ཡང་ན་དོན་ཚན་གོང་མར་བཀོད་པའི་མིར་ཚབ་བདག་བྱེད་ནུས་མེད་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་མིས་ཚབ་བདག་བྱེད་དགོས།
◆ དོན་ཚན་ཞེ་གསུམ་པ། རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་བདག་གཉེར་ཡག་པོ་བྱེད་དགོས་པ་དང་། དེའི་རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོང་བྱེད་དགོས།
◆ དོན་ཚན་ཞེ་བཞི་པ། རྒྱུ་ནོར་ཚབ་བདག་པས་ཚབ་བདག་འགན་འཁྲི་མི་སྒྲུབ་པ་དང་། གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་གྱི་ཁེ་ཕན་ལ་གནོད་འཚེ་བཏང་བའམ་ཚབ་བདག་བྱེད་ནུས་ཤོར་ན། གར་སོང་ཆ་མེད་ཀྱི་མི་དང་ཁེ་གྱོང་འབྲེལ་བ་ཡོད་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བདག་པ་བརྗེ་དགོས་པའི་རེ་འདུན་ཞུས་ཆོག
རྒྱུ་ནོར་ཚབ་བདག་པར་འོས་མཐུན་གྱི་རྒྱུ་མཚན་ཡོད་ན་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བདག་པ་བརྗེ་དགོས་པའི་རེ་འདུན་ཞུས་ཆོག
མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་བདག་པ་བརྗེས་ཡོད་ན། བརྗེས་པའི་རྗེས་ཀྱི་རྒྱུ་ནོར་ཚབ་བདག་པར་དེ་སྔའི་རྒྱུ་ནོར་ཚབ་བདག་པས་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།
◆ དོན་ཚན་ཞེ་ལྔ་པ། གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པ་ཡིན་ན། ཁོ་རང་དང་ཡང་ན་ཁོ་དང་ཁེ་གྱོང་འབྲེལ་བ་ཡོད་མིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་གར་སོང་ཆ་མེད་ཀྱི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་དགོས།
གར་སོང་ཆ་མེད་ཀྱི་མི་བསྐྱར་དུ་ཐོན་པ་ཡིན་ན། རྒྱུ་ནོར་ཚབ་བདག་པར་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད།
◆ དོན་ཚན་ཞེ་དྲུག་པ། རང་བྱུང་མིར་གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་ན། ཁེ་གྱོང་འབྲེལ་བ་ཡོད་མིའི་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་ཤི་བར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག
(གཅིག) གར་སོང་ཆ་མེད་དུ་གྱུར་ནས་ལོ་བཞི་ལོངས་པ།
(གཉིས) བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་གཉིས་ལོངས་པ།
བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་ར་སྤྲོད་བྱས་པ་ཡིན་ན། ཤི་བར་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་བའི་ཐད་དུ། དུས་ཡུན་ལོ་གཉིས་ཀྱི་ཚོད་འཛིན་མི་ཐེབས་པ་ཡིན།
◆ དོན་ཚན་ཞེ་བདུན་པ། རང་བྱུང་མི་གཅིག་པར་ཁེ་གྱོང་འབྲེལ་བ་ཡོད་མི་ལ་ལས་ཁོ་ཤི་བར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་པ་དང་། ཁེ་གྱོང་འབྲེལ་བ་ཡོད་མི་ལ་ལས་ཁོ་གར་སོང་ཆ་མེད་དུ་གྱུར་པར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཚེ། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཤི་བར་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་འཛོམས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཤི་བར་ཁྱབ་བསྒྲགས་བྱེད་དགོས།
◆ དོན་ཚན་ཞེ་བརྒྱད་པ། ཤི་བར་ཁྱབ་བསྒྲགས་བྱས་པའི་མི་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཤི་བར་ཁྱབ་བསྒྲགས་བྱས་པའི་དཔྱད་མཚམས་བཏང་ཉིན་དེ་ཁོ་རང་ཤི་བའི་དུས་ཚོད་ལ་རྩི་དགོས། བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ནས་ཤི་བར་ཁྱབ་བསྒྲགས་བྱས་པ་ཡིན་ན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ཉིན་དེ་ཁོ་རང་ཤི་བའི་དུས་ཚོད་ལ་རྩི་དགོས།
◆ དོན་ཚན་ཞེ་དགུ་པ། རང་བྱུང་མི་ཞིག་ཤི་བར་ཁྱབ་བསྒྲགས་བྱས་མོད་ཀྱང་ཤི་མེད་པ་ཡིན་ན། རང་བྱུང་མི་དེས་རང་ཉིད་ཤི་བར་ཁྱབ་བསྒྲགས་བྱས་རིང་དུ་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་ལ་ཤུགས་རྐྱེན་མི་ཐེབས་པ་ཡིན།
◆ དོན་ཚན་ལྔ་བཅུ་པ། ཤི་བར་ཁྱབ་བསྒྲགས་བྱས་པའི་མི་དེ་བསྐྱར་དུ་ཐོན་པ་ཡིན་ན། ཁོ་རང་ངམ་ཁོ་དང་ཁེ་གྱོང་འབྲེལ་བ་ཡོད་མིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་ཤི་བའི་ཁྱབ་བསྒྲགས་དེ་ཕྱིར་འཐེན་བྱེད་དགོས།
◆ དོན་ཚན་ང་གཅིག་པ། ཤི་བར་ཁྱབ་བསྒྲགས་བྱས་པའི་མི་དེའི་གཉེན་སྒྲིག་འབྲེལ་བ་ནི། ཤི་བར་ཁྱབ་བསྒྲགས་བྱས་ཉིན་ནས་རྩིས་མེད་བཟོ་དགོས། ཤི་བའི་ཁྱབ་བསྒྲགས་ཕྱིར་འཐེན་བྱས་ཚེ། གཉེན་སྒྲིག་འབྲེལ་བ་ནི་ཤི་བའི་ཁྱབ་བསྒྲགས་ཕྱིར་འཐེན་བྱས་ཉིན་ནས་རང་ཤུགས་སུ་སླར་གསོ་བྱེད་དགོས། ཡིན་ན་ཡང་ཁོའི་བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་བྱས་ཟིན་པའམ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་གཉེན་སྒྲིག་གི་འབྲེལ་བ་སླར་གསོ་བྱེད་འདོད་མེད་པ་གསལ་བསྒྲགས་བྱས་པ་འདིའི་ཁོངས་སུ་མི་ཚུད།
◆ དོན་ཚན་ང་གཉིས་པ། ཤི་བར་ཁྱབ་བསྒྲགས་བྱས་པའི་རིང་ལ་ཤི་བར་ཁྱབ་བསྒྲགས་བྱས་པའི་མི་དེའི་བུ་ཕྲུག་མི་གཞན་གྱིས་ཁྲིམས་ལྟར་ཉར་གསོ་བྱས་ཡོད་ན། ཤི་བའི་ཁྱབ་བསྒྲགས་ཕྱིར་འཐེན་བྱས་རྗེས། རང་ཉིད་མོས་མཐུན་མ་བྱུང་བ་རྒྱུ་མཚན་བྱས་ནས་ཉར་གསོའི་བྱ་སྤྱོད་ལ་ནུས་པ་མེད་པའི་འདོད་ཚུལ་བཟུང་མི་ཆོག
◆ དོན་ཚན་ང་གསུམ་པ། ཤི་བའི་ཁྱབ་བསྒྲགས་ཕྱིར་འཐེན་བྱས་པའི་མིར་བཅའ་ཁྲིམས་འདིའི་ལེ་ཚན་དྲུག་པ་ལྟར་ཁོའི་རྒྱུ་ནོར་ཐོབ་པའི་དམངས་དོན་བྱེད་པོར་རྒྱུ་ནོར་ཕྱིར་སློག་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད། ཕྱིར་སློག་བྱེད་ཐབས་བྲལ་ན་གུན་གསབ་འོས་འཚམ་སྤྲོད་དགོས།
(མུ་མཐུད་འགོད་རྒྱུ)