བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས“སློབ་གྲྭའི་བདེ་འཇགས་སྲུང་སྐྱོང”གི་ཆེད་དོན་ལས་དོན་རྒྱུན་མཐུད་སྤེལ་བ།
ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“སློབ་གྲྭའི་བདེ་འཇགས་སྲུང་སྐྱོང”གི་ཆེད་དོན་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་སློབ་གྲྭའི་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད།
སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྲིམས་སྐྱོང་གི་བསམ་བློ་དང་། ཁྲིམས་སྐྱོང་གི་དད་མོས། བདེ་འཇགས་ཉེན་ཟོན་གྱི་འདུ་ཤེས། རང་ངོས་སྲུང་སྐྱོང་གི་ནུས་པ་བཅས་ཆེ་རུ་གཏོང་ཆེད། ད་ལོའི་དཔྱིད་དུས་སློབ་འགོ་ཚུགས་ཚུན་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་ལས་སྒོའི་འཇོན་ཐང་ཆེ་བ་དང་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕུལ་བྱུང་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་34མངགས་ནས། ཏང་ཡོན་གྱི་གདོང་ལེན་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་བརྙས་བཅོས་ལ་ངོ་རྒོལ་དང་། ཁ་བསླུས་སྔོན་འགོག འགྲིམ་འགྲུལ་གྱི་གནོད་འཚེ་སྔོན་འགོག་སོགས་བརྗོད་དོན་གཙོ་བོར་བྱས་ནས། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སློབ་གསོ་ཐེངས་40ལྷག་ཙམ་སྤེལ་ནས་དུས་བདེ་དང་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།
སློབ་གྲྭ་ཚུགས་པ་དང་གྲོལ་བའི་བདེ་འཇགས་ཉེན་ཟོན་ལས་དོན་ཡག་པོ་སྒྲུབ་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་མངགས་གཏོང་ཁང་ཁག་གི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་360ལྷག་ཙམ་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་སྲུང་ལས་གནས་46ལ་དུས་ཐོག་ཏུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་དགེ་སློབ་ཚོའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།