བོད་ཀྱི་དུག་འགོག་སྡེ་ཚན་གྱིས་དུག་འཐེན་མཁན་15རྩད་ཆོད་པ་དང་དུག་འབྲེལ་དྲ་ཐོག་བྲོས་འདེད་མི་1བཟུང་བ།
རྒྱལ་ཁབ་དུག་འགོག་ཨུ་ལྷན་དང་སྤྱི་བདེ་པུས་འཚོགས་པའི་རྒྱལ་ཡོངས་དུག་འགོག་གི“དུག་ཁུངས་གཙང་བཟོ——2024ལོའི”བྱ་སྤྱོད་ཀྱི་བརྙན་ལམ་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་འགོ་ཁྲིད་གཙོ་བོའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས“དུག་ཁུངས་གཙང་བཟོའི”བྱ་སྤྱོད་དམ་འཛིན་བྱ་གཞིར་བྱེད་པ་དང་། དུག་འབྲེལ་ཉེན་ཁ་ཆེ་རིགས་སྔོན་འགོག་ཚོད་འཛིན་མཐའ་ཚད་དུ་བཟུང་སྟེ། དུག་འགོག་གི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས“དུས་བདེའི་རྒྱུགས་ལན”ཧུར་ཐག་ཕུལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་དུག་འབྲེལ་ཉེས་དོན་གྱོད་གཞི་ཁག་2རྩད་ཆོད་ནས་ཉེས་གསོག་དོགས་ཅན་2བཟུང་བ་དང་། དུག་རྫས་སྣ་ཚོགས་ཁེ་0.8དང་རྒྱ་མེན་འབྲས་བུ་54གཞུང་བཞེས་བཏང་ཞིང་། དུག་འཐེན་མཁན་ཁྲིམས་འགལ་བ་15རྩད་ཆོད་པ་དང་། དུག་འབྲེལ་དྲ་ཐོག་བྲོས་འདེད་མི་སྣ་1བཟུང་བ་རེད།
དུག་འབྲེལ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་མཐིལ་རྟོགས་དང་གསེད་བཀྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་དུག་འགོག་སྡེ་ཚན་གྱི་གཙོ་འགན་དང་གཙོ་ཁྲིད་ནུས་པ་བཏོན་ཏེ་དུག་འབྲེལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ལྷ་ས་གྲོང་ཁྱེར་དུག་འགོག་ཉིང་ལག་རུ་ཁག་གིས་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་བ་དང་། ཤེལ་དུག་ཁེ་0.29གཞུང་བཞེས་བཏང་བ་དང་དུག་འཐེན་མཁན་1རྩད་ཆོད་པ་རེད། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོའི་སྤྱི་བདེ་ཡན་ལག་ཅུས་ཀྱིས“དོགས་པ་ཚབས་ཆེན་ཡོད་རིགས་ངེས་པར་དུ་ཞིབ་བཤེར་བྱེད་པའི”བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་པ་དང་ཆབས་ཅིག གྲོགས་ཚོགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། རི་སྐྱེས་སོ་མ་ར་ཙའི་དུག་འཐེན་མཁན་ཕྱི་ཁོངས་མི་སྣ་4རྩད་ཆོད་པ་དང་། དེའི་ནང་ནས་མི་1གིས་མི་གཞན་ཉར་ནས་དུག་འཐེན་དུ་བཅུག་པ་རེད། གཞིས་རྩེ་གྲོང་ཁྱེར་དུག་འགོག་ཉིང་ལག་རུ་ཁག་གིས་དྲ་ཐོག་བྲོས་འདེད་བཏང་ནས་ལོ་8ལྷག་ཙམ་ཕྱིན་པའི་དུག་འབྲེལ་མི་གཅིག་བཟུང་ནས་ཁྲིམས་ལ་སྦྱར་བ་རེད། ནག་ཆུ་གྲོང་ཁྱེར་དུག་འགོག་སྡེ་ཚན་གྱིས་སྤྱི་བདེའི་ཞིབ་བཤེར་ས་ཚིགས་ཀྱིས“བྱང་སྒོ་ཆེན་པོ”མཐའ་གཅིག་ཏུ་བསྲུངས་ཏེ་གནས་སྐྱིད་ལུང་ཤུར་གྱི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་དུག་འཐེན་མཁན་1དང་དུག་འབྲེལ་འཁོར་རིགས་གཏོང་མཁན་1ལ་ཡོངས་བསྒྲགས་ཞིབ་བཤེར་བྱས་ནས་དུག་འཐེན་འཁོར་གཏོང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད།