མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས། མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་བསྐྱོད་དེ། མེ་ཟོན་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་དང་མེ་སྐྱོན་ལས་ཐར་ཐབས་ཀྱི་ནང་སྦྱོང་བྱས་པ་རེད། དགེ་སློབ་4300མེ་ཟོན་བདེ་འཇགས་ཤེས་བྱ་འཆད་ཁྲིད་དང་། མེ་སྐྱོན་བྱུང་མ་ཐག་ནས་གསོད་ཐབས། སློབ་ཁྲིད་ཐོག་ཁང་ལ་མེ་ཤོར་བའི་གནས་ཚུལ་འོག་ཛ་དྲག་ངང་སྲོག་ཉེན་ལས་ཐར་ཐབས་སོགས་ཀྱི་ནང་སྦྱོང་ལ་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ས་མཐོར་མེ་ཤོར་བའི་གནས་ཚུལ་འོག་མི་སྟོང་གིས་དུས་གཅིག་ཏུ་སྲོག་ཉེན་ལས་ཐར་བའི་ནང་སྦྱོང་བྱེད་ཐེངས་དང་པོ་ཡིན་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དགེ་སློབ་4300རང་སར་བསྡད་དེ་མེ་གསོད་བཀོད་འཐབ་པ་ཚོས་མེ་སྐྱོན་འབྱུང་རྐྱེན་དང་། སྔོན་འགོག་ཚོད་འཛིན་བྱ་ཐབས། སྲོག་ཉེན་ལས་ཐར་ཐབས། མེ་སྐྱོན་ཐོན་མ་ཐག་ནས་གསོད་ཐབས་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་ནན་ཏན་ངང་ཉན་པ་རེད། མེ་གསོད་རུ་མིས་མེ་གསོད་ཕྱེ་སྐམ་བེད་སྤྱོད་བྱེད་སྟངས་དང་ཁྱིམ་སྤྱོད་སོལ་རླངས་དབུགས་རིལ་ལ་མེ་འབར་ཚེ་མེ་གསོད་སྟངས་སྐོར་ལ་གསལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ། མེ་སྤར་ནས་མེ་གསོད་སྟངས་བསླབས་པ་རེད། དགེ་སློབ་ཚོས་གཅིག་རྗེས་གཉིས་མཐུད་ངང་མདུན་དུ་བསྐྱོད་དེ་མེ་གསོད་སྟངས་ཉམས་ལེན་བྱས་པ་དང་མེ་གསོད་པའི་བརྒྱུད་རིམ་ནང་མེ་གསོད་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་རེད།
པར་འདི་དག་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།