དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྤུས་དག་དང་། ལས་ཆོད་ཆེ་བ། སྟབས་བདེ་བཅས་ལྡན་པའི་ ཁྲིམས་འཛིན་ཞབས་འདེགས་ཞུ་བར་འབད།

    སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ཕོ་བྲང་ཤང་སྤྲིན་ཚོམ་འདུམ་འགྲིག་ས་ཚིགས་ཀྱིས་ངལ་ནུས་པར་གནོད་འཚེ་ཕོག་པའི་འགན་འཁྲིའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ཕོ་བྲང་ཤང་སྤྲིན་ཚོམ་འདུམ་འགྲིག་ས་ཚིགས་ཀྱིས་ངལ་ནུས་པར་གནོད་འཚེ་ཕོག་པའི་འགན་འཁྲིའི་རྩོད་གཞི་ཞིག “མ་གནས་མེད་པའི”བྱ་ཐབས་ནས་འདུམ་འགྲིག་བྱས་པར་དོ་བདག་གི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    “སྐུ་ཁམས་བཟང་། ང་ནི་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཡིན། ཁྱེད་རང་ལིའུ་ཆེ་གེ་མོ་ཡིན་ནམ། ཁྱེད་ཀྱིས་ཁ་ཆད་བྱས་པའི་གུན་གསབ་སྤྲོད་པའི་དུས་ཚོད་ཐིམ་འདུག་པས་ག་དུས་སྤྲོད་ཐུབ་བམ”ཞེས་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཟླ་བ་བློ་བཟང་གིས་ཁ་པར་ནས་ལིའུ་ཆེ་གར་མོར་དྲིས།

    2024ལོའི་ཟླ་2ཚེས་4ཉིན། སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་ལ་ངག་ཆེ་གེ་མོས་ལིའུ་ཆེ་གེ་མོ་དང་དེ་བཞིན་ཕྱོགས་གསུམ་པའི་རྣམ་གྲངས་པུའུ་ཁྲིམས་ལ་སྦྱར་བའི་ངལ་ནུས་པར་གནོད་འཚེ་ཕོག་པའི་འགན་འཁྲིའི་རྩོད་གཞིའི་གྱོད་གཞི་ཞིག་འབྱོར། 2023ལོའི་ཟླ་6ཚེས་17ཉིན། ངག་ཆེ་གེ་མོ་ལིའུ་ཆེ་གེ་མོས་འགན་གཙང་བླངས་པའི་རྣམ་གྲངས་པུའུ་ཞིག་གི་ལས་ཡུལ་དུ་ལས་ཀ་བྱེད་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་ཐོག་ཁ་ནས་ས་འོག་ཁང་པའི་ནང་ལྷུང་སྟེ་རྐེད་ཚིགས་སོགས་ཕྱོགས་མང་པོར་རུས་ཆག་བྱུང་བ་རེད། 2023ལོའི་ཟླ་9ཚེས་22ཉིན། ངག་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་དེ་བཞིན་རྣམ་གྲངས་པུའུ་བཅས་དབར་གུན་གསབ་སྤྲོད་པའི་གྲོས་མཐུན་བྱུང་ནས་ངག་ཆེ་གེ་མོར་མི་ལུས་གནོད་འཚེའི་གུན་གསབ་སྤྲོད་རྒྱུ་བྱས་པ་མ་ཟད། ཁ་ཆད་ལས་འགལ་ན་འགན་འཁྲི་འཁུར་དགོས་ལུགས་གཏན་འཁེལ་བྱས་པ་རེད། འོན་ཀྱང་དུས་བཅད་ཐིམ་ནའང་། ལིའུ་ཆེ་གེ་མོས་དུས་བཀག་ལྟར་གུན་གསབ་འོས་འགན་མ་བསྒྲུབས་པས། ངག་ཆེ་གེ་མོས་ཁོ་པ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

    གྱོད་དོན་འབྱོར་རྗེས། གྱོད་དོན་གྱི་དོན་དངོས་གསལ་པོ་ཡིན་པ་དང་། ཁེ་དབང་དང་འོས་འགན་གསལ་པོ་ཡིན་པ། གུན་གསབ་གྲོས་མཐུན་ལ་ཕྱོགས་གཉིས་ཀའི་དབར་བསམ་འཆར་མི་མཐུན་པ་མེད་པས། དོ་བདག་ཕྱོགས་གཉིས་ཀྱི་མོས་མཐུན་ཐོབ་རྗེས། གྱོད་དོན་དེ་ཕོ་བྲང་ཤང་སྤྲིན་ཚོམ་འདུམ་འགྲིག་ས་ཚིགས་ལ་ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་བྱེད་རྒྱུར་རྩིས་སྤྲད་པ་རེད།

    ལིའུ་ཆེ་གེ་མོ་ཕ་ཡུལ་ལ་ལོག་ཟིན་སྟབས། ས་གནས་ས་ཐོག་ཏུ་འདུམ་འགྲིག་བྱེད་པར་ཡོང་ཐབས་བྲལ་བས། དོ་བདག་གི་གཏུག་བཤེར་མ་གནས་གྲོན་ཆུང་དང་རྩོད་གཞི་མྱུར་དུ་ཐག་གཅོད་བྱ་ཆེད། དམིཌ་བསལ་གདན་ཞུས་འདུམ་འགྲིག་པས་ཁ་པར་དང་དྲ་ཐོག་ནས“གཅིག་གཏད་གཅིག”གི་འདུམ་འགྲིག་བྱེད་ཐབས་སྤྱད་དེ། ལིའུ་ཆེ་གེ་མོ་དང་དེ་བཞིན་རྣམ་གྲངས་པུའུ་དང་འབྲེལ་གཏུག་མཐུན་སྦྱོར་བྱས། འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ནང་ལིའུ་ཆེ་གེ་མོས་ངག་ཆེ་གེ་མོས་དགོས་ཟེར་བའི་དངུལ་ཆད་མཐོ་དྲགས་པར་ཁ་གཡར་ནས་ཁ་ཆད་ལས་འགལ་བའི་འགན་འཁྲི་དམའ་རུ་གཏོང་རྒྱུའི་རེ་བ་བཏོན་མོད། འོན་ཀྱང་ངག་ཆེ་གེ་མོས་མོས་མཐུན་མ་བྱས་པས་བར་འདུམ་འཕེལ་མེད་དུ་ལུས་པ་རེད། དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཟླ་བ་བློ་བཟང་གིས་དོན་དེའི་འདུམ་འགྲིག་བྱས་ཚུལ་དུས་ཐོག་ཏུ་ཚུར་ལན་སློག་པ་མ་ཟད། ཕྱོགས་གཉིས་པོའི་རྩོད་གཞི་ཡིན་པའི“ཁ་ཆད་ལས་འགལ་བའི་དངུལ་ཆད་དམའ་རུ་གཏོང་མིན”དེ་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ལ་དྲ་ཐོག་ནས་མཛུབ་ཁྲིད་བྱ་རྒྱུའི་རེ་བ་ཞུས། རེ་འདུན་འབྱོར་རྗེས་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་མྱུར་དུ་ཁྲིམས་དཔོན་གྱི་ལས་རོགས་བཏང་ནས་དམིགས་བསལ་གདན་ཞུས་འདུམ་འགྲིག་པར་ཕྱོགས་གཉིས་དབར་འདུམ་འགྲིག་ཡང་བསྐྱར་བྱེད་རོགས་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་རྩོད་གཞིར་བཅའ་ཁྲིམས་ནས་འགྲེལ་བཤད་ཀྱང་བརྒྱབ་པ་དང་ཆབས་ཅིག ལག་ལེན་དུ་འཁྱོལ་ཐུབ་པའི་འདུམ་འགྲིག་ཇུས་གཞི་བཏོན་པ་རེད། མཐར་འདུམ་འགྲིག་པ་གཉིས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་གྲོས་མཐུན་བཞག་པ་མ་ཟད། དྲ་ཐོག་ནས་འདུམ་འགྲིག་གི་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་པ་རེད། འོན་ཀྱང་ངག་ཆེ་གེ་མོས། ལིའུ་ཆེ་གེ་མོས་གུན་གསབ་སྤྲོད་རྒྱུ་ལྟ་ཅི་མཐའ་ན་འདུམ་འགྲིག་གྲོས་མཐུན་དེའང“གོ་མི་ཆོད་པའི་གཞུང་ཡིག”ཅིག་ཏུ་འགྱུར་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། དེས་ན་ངག་ཆེ་གེ་མོའི་སེམས་ཁྲལ་དང་དོགས་འཆར་སེལ་ཆེད་དང་དུས་མཚུངས་སུ་གྲོས་མཐུན་ལག་བསྟར་ནུས་ལྡན་ཡོང་བར་འགན་ལེན་བྱ་ཆེད། ཕྱོགས་གཉིས་ཀར་འདུམ་འགྲིག་གྲོས་མཐུན་ལ་དྲ་ཐོག་ནས་ཁྲིམས་འཛིན་གཏན་འཁེལ་གྱི་རེ་འདུན་ཞུ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།