དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
གནས་ཚུལ་གང་འདྲ་ཞིག་བྱུང་ན་གཏུག་བཤེར་ནུས་ཡུན་མཚམས་བཞག་པ་ཡིན།
གཏུག་བཤེར་ནུས་ཡུན་མཚམས་བཞག་པ་ཞེས་པ་ནི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་དུ་ཁྲིམས་བཀོད་ཀྱི་དོན་རྩ་ངེས་ཅན་ཞིག་བྱུང་བའི་དབང་གིས་ཁེ་དབང་བདག་པོས་རེ་འདུན་ཞུ་དབང་སྤྱོད་ཐབས་བྲལ་ནས་ཁྲིམས་ལྟར་གཏུག་བཤེར་ནུས་ཡུན་གནས་སྐབས་སུ་བརྩི་མཚམས་འཇོག་པ་དང་། ཁྲིམས་བཀོད་ཀྱི་དོན་རྩ་མེད་པར་གྱུར་བའི་ཉིན་ནས་མུ་མཐུད་རྩི་དགོས་པའི་གནས་ཚུལ་ལ་ཟེར་ཞིང་དེ་ལ་ནུས་ཡུན་གནས་སྐབས་སུ་མཚམས་བཞག་པའང་ཟེར།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་གོ་བཞི་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ཀྱི་མཇུག་མཐའི་ཟླ་བ་དྲུག་གི་ནང་ཚུན་དུ། གཤམ་གསལ་འགོག་རྐྱེན་གྱི་དབང་གིས་རེ་འདུན་ཞུ་དབང་སྤྱོད་མི་ཐུབ་པ་ཡིན་ན། གཏུག་བཤེར་ནུས་ཡུན་མཚམས་བཞག་པ་ཡིན།
(1)འགོག་ཐབས་བྲལ་བའི་ཤུགས་རྐྱེན། (2)དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ལ་ཁྲིམས་བཀོད་ལས་ཚབ་པ་མེད་པའམ། ཡང་ན་ཁྲིམས་བཀོད་ལས་ཚབ་པ་ཤི་བ་དང་། དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ། ལས་ཚབ་བྱེད་དབང་ཤོར་བ་བཅས། (3)ཤུལ་འཛིན་བྱེད་འགོ་བརྩམས་རྗེས་ཤུལ་འཛིན་པའམ་ཤུལ་ནོར་དོ་དམ་བྱེད་མི་གཏན་འཁེལ་བྱས་མེད་པ། (4)ཁེ་དབང་བདག་པོ་ལ་འོས་འགན་འཁུར་མིའམ་མི་གཞན་གྱི་ཚོད་འཛིན་ཐེབས་པ། (5)ཁེ་དབང་བདག་པོས་རེ་འདུན་ཞུ་དབང་སྤྱོད་མི་ཐུབ་པའི་འགོག་རྐྱེན་གཞན་དག་བཅས་ཡིན། ནུས་ཡུན་མཇུག་སྒྲིལ་བའི་རྒྱུ་རྐྱེན་སེལ་ཉིན་ནས་ཟླ་བ་དྲུག་ལོངས་ཚེ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པ་ཡིན།
གནས་ཚུལ་གང་འདྲ་ཞིག་བྱུང་ན་གཏུག་བཤེར་ནུས་ཡུན་མཚམས་ཆད་པ་ཡིན།
གཏུག་བཤེར་ནུས་ཡུན་མཚམས་ཆད་པ་ཞེས་པ་ནི་འགོ་ཚུགས་ཟིན་པའི་གཏུག་བཤེར་ནུས་ཡུན་དེ་ཁྲིམས་བཀོད་ཀྱི་དོན་རྩ་ངེས་ཅན་ཞིག་བྱུང་བའི་དབང་གིས་མཚམས་བཅད་པ་དང་། བརྒྱུད་ཟིན་པའི་ནུས་ཡུན་གྱི་ཡུན་ཚད་ནུས་པ་མེད་པར་གྱུར་ཞིང་། མཚམས་ཆད་པ་དང་འབྲེལ་ཡོད་ལས་རིམ་མཇུག་རྫོགས་པའི་དུས་ནས་བཟུང་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་བསྐྱར་དུ་རྩི་དགོས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་གོ་ལྔ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། གཤམ་གསལ་གནས་ཚུལ་གྲས་ཤིག་བྱུང་ན་གཏུག་བཤེར་ནུས་ཡུན་མཚམས་ཆད་པ་ཡིན་ལ། མཚམས་ཆད་པ་དང་འབྲེལ་ཡོད་ལས་རིམ་མཇུག་རྫོགས་པའི་དུས་ནས་བཟུང་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་བསྐྱར་དུ་རྩི་དགོས། (1)ཁེ་དབང་བདག་པོས་འོས་འགན་འཁུར་མི་ལ་འོས་འགན་སྒྲུབ་དགོས་པའི་རེ་འདུན་བཏོན་པ། (2)འོས་འགན་འཁུར་མིས་འོས་འགན་སྒྲུབ་རྒྱུ་ཁས་བླངས་པ། (3)ཁེ་དབང་བདག་པོས་ཞུ་གཏུག་བྱེད་པའམ་འདུམ་གཅོད་བྱེད་རྒྱུའི་རེ་འདུན་བཏོན་པ། (4)ཞུ་གཏུག་བྱས་པའམ་འདུམ་གཅོད་བྱེད་པའི་རེ་འདུན་བཏོན་པ་དང་ནུས་པ་གཅིག་མཚུངས་ལྡན་པའི་གནས་ཚུལ་གཞན་དག་བཅས་ཡིན།
རེ་འདུན་འདོན་དབང་གང་དང་གང་ལ་གཏུག་བཤེར་ནུས་ཡུན་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས་སམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་གོ་དྲུག་པའི་ནང་གཏན་འབེབས་བྱས་པ་ལྟར་ན། གཤམ་གསལ་རེ་འདུན་འདོན་དབང་ཐད་ལ་གཏུག་བཤེར་ནུས་ཡུན་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས་ཏེ།
(1)གནོད་འཚེ་གཏོང་མཚམས་འཇོག་པ་དང་། འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ་བཅས་ཀྱི་རེ་འདུན་འདོན་པ། (2)བརྟན་ནོར་གྱི་དངོས་དབང་དང་ཐོ་འགོད་བྱས་པའི་འགུལ་ནོར་གྱི་དངོས་དབང་གི་ཁེ་དབང་བདག་པོས་རྒྱུ་ནོར་ཕྱིར་སློག་བྱེད་དགོས་པའི་རེ་འདུན་འདོན་པ། (3)གསོ་སྐྱོང་གྲོན་དངུལ་དང་། ཞབས་ཏོག་གྲོན་དངུལ་ལམ་འཚོ་སྐྱོང་གྲོན་དངུལ་སྤྲོད་དགོས་པའི་རེ་འདུན་འདོན་པ། (4)ཁྲིམས་ལྟར་ན་གཏུག་བཤེར་ནུས་ཡུན་སྤྱད་མི་འཐུས་པའི་རེ་འདུན་འདོན་དབང་གཞན་དག་བཅས་ཡིན།
གཏུག་བཤེར་ནུས་ཡུན་དང་ཟུར་ཕུད་ཡུན་ཚད་དབར་ཁྱད་པར་གང་ཡོད།
གཏུག་བཤེར་ནུས་ཡུན་ཞེས་པ་ནི་དམངས་དོན་ཁེ་དབང་ལ་གནོད་འཚེ་ཕོག་པའི་ཁེ་དབང་བདག་པོས་ཁྲིམས་བཀོད་ཀྱི་ནུས་ཡུན་གྱི་ཡུན་ཚད་ནང་དུ་ཁེ་དབང་མི་སྤྱོད་པར་ནུས་ཡུན་གྱི་ཡུན་ཚད་འཐིམ་པ་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་ལས་རིམ་ལྟར་བཙན་ཤེད་ཀྱིས་འོས་འགན་སྒྲུབ་མིར་འོས་འགན་སྒྲུབ་ཏུ་འཇུག་དགོས་པའི་རེ་འདུན་ཞུ་དབང་ཤོར་བའི་བཅའ་ཁྲིམས་ལམ་ལུགས་ལ་ཟེར། ཟུར་ཕུད་ཡུན་ཚད་ལ་སྔོན་བཀོད་ཡུན་ཚད་ཀྱང་ཟེར་ཞིང་ཁེ་དབང་ག་གེ་མོ་ཞིག་གི་ཁྲིམས་བཀོད་སོར་གནས་ཀྱི་ཡུན་ཚད་ལ་ཟེར། གཏུག་བཤེར་ནུས་ཡུན་དང་ཟུར་ཕུད་ཡུན་ཚད་གཉིས་ཀ་ནི་ཡུན་ཚད་ངེས་ཅན་བརྒྱུད་པའི་དབང་གིས་ཁེ་དབང་མེད་པར་གྱུར་བའི་བཅའ་ཁྲིམས་མཇུག་འབྲས་ཀྱི་བཅའ་ཁྲིམས་དོན་དངོས་ཡིན། འོན་ཏེ་དེ་གཉིས་དབར་གཤམ་གསལ་ཁྱད་པར་ཡོད་དེ།
(1)གཏུག་བཤེར་ནུས་ཡུན་ནི་ཁེ་དབང་མི་སྤྱོད་པའི་དོན་དངོས་གནས་ཚུལ་དང་ཁྲིམས་བཀོད་ཡུན་ཚད་ཀྱི་བརྒྱུད་རིམ་བཅས་གྲུབ་རྐྱེན་གཉིས་ཀྱིས་གྲུབ་པ་ཡིན། ཟུར་ཕུད་ཡུན་ཚད་ལ་གྲུབ་རྐྱེན་གཅིག་ལས་མེད་དེ་ཁྲིམས་བཀོད་ཀྱི་བརྒྱུད་རིམ་དེ་ཡིན།
(2)གཏུག་བཤེར་ནུས་ཡུན་གྱིས་བེད་སྤྱོད་མི་བྱེད་པའི་ཁེ་དབང་གི་གྱོད་ཁ་ཐོབ་དབང་སྟེ་དངོས་གཟུགས་དོན་སྙིང་ཐོག་གི་གཏུག་བཤེར་བྱེད་དབང་རྩ་མེད་དུ་བཟོ་རྒྱུ་ལས་བེད་སྤྱོད་མི་བྱེད་པའི་དངོས་གཟུགས་ཁེ་དབང་རྩ་མེད་དུ་མི་བཟོ། ཟུར་ཕུད་ཡུན་ཚད་ཀྱིས་དངོས་གཟུགས་ཁེ་དབང་རྩ་མེད་དུ་བཟོ་རྒྱུ་ཕུད།
(3)གཏུག་བཤེར་ནུས་ཡུན་གྱི་ཁྲིམས་བཀོད་ནུས་ཡུན་གྱི་ཡུན་ཚད་ནི་འགྱུར་བ་ཡོད་པའི་ཡུན་ཚད་ཡིན་པས་གཏུག་བཤེར་ནུས་ཡུན་མཚམས་འཇོག་པ་དང་མཚམས་གཅོད་པ། རྒྱུན་སྲིང་བ་བཅས་བྱས་ཆོག ཟུར་ཕུད་ཡུན་ཚད་ནི་འགྱུར་བ་མེད་པའི་ཡུན་ཚད་ཡིན་པས་མཚམས་འཇོག་པ་དང་མཚམས་གཅོད་པ། རྒྱུན་སྲིང་བ་བཅས་བྱས་མི་ཆོག
(4)གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ཁེ་དབང་བདག་པོས་རང་ཉིད་ཁེ་དབང་ལ་གནོད་འཚེ་ཕོག་པ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས་པ་དང་། ཟུར་ཕུད་ཡུན་ཚད་ནི་ཁེ་དབང་བདག་པོས་ཁེ་དབང་བྱུང་བ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་གོ་དགུ་པའི་ནང་དུ་གཏན་འབེབས་བྱས་པའི་ཕྱིར་འཐེན་བྱེད་དབང་དང་གྲོལ་འཐེན་བྱེད་དབང་ནི་ཟུར་ཕུད་ཡུན་ཚད་ཡིན། དོན་ཚན་དེའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའམ་དོ་བདག་བར་གྲོས་དན་བཞག་པའི་ཕྱིར་འཐེན་བྱེད་དབང་དང་གྲོལ་འཐེན་བྱེད་དབང་སོགས་ཁེ་དབང་སོར་གནས་ཀྱི་ཡུན་ཚད་ནི། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད། ཁེ་དབང་བདག་པོས་ཁེ་དབང་བྱུང་བ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས་པ་དང་། གཏུག་བཤེར་ནུས་ཡུན་མཚམས་འཇོག་པ་དང་མཚམས་གཅོད་པ། རྒྱུན་སྲིང་བ་བཅས་ཀྱི་གཏན་འབེབས་སྤྱད་མི་འཐུས། སོར་གནས་ཀྱི་ཡུན་ཚད་ལོངས་ན། ཕྱིར་འཐེན་བྱེད་དབང་དང་གྲོལ་འཐེན་བྱེད་དབང་སོགས་ཁེ་དབང་མེད་པར་གྱུར་པ་ཡིན།
ཅི་ཞིག་ལ་ཡུན་ཚད་རྩི་བ་ཟེར།
ཡུན་ཚད་ཅེས་པ་ནི་དམངས་དོན་བཅའ་ཁྲིམས་འབྲེལ་བ་བྱུང་བ་དང་སྒྱུར་བ། མཇུག་སྒྲིལ་བ་བཅས་ཀྱི་དུས་ཚོད་ལ་ཟེར། ཡུན་ཚད་དེ་ཁ་བྲལ་ཐབས་མེད་པའི་དུས་ཚོད་ངེས་ཅན་ཞིག་ཏུ་མངོན་ཆོག་སྟེ་དཔེར་ན་ལོ་xདང་ཟླ་xཉིན་xབཅས་པ་ལྟ་བུར་ཉིན་ཚད་ཟེར་བ་དང་། དུས་ཚོད་ངེས་ཅན་ཞིག་ནས་དུས་ཚོད་ངེས་ཅན་གཞན་ཞིག་དབར་གྱི་དུས་ཚོད་བར་མཚམས་སུ་ཡང་མངོན་ཆོག་སྟེ། དཔེར་ན་xལོའི་ཟླ་xཚེས་xཉིན་ནས་འགོ་ཚུགས་ཤིང་xལོའི་ཟླ་xཚེས་xཉིན་ནས་མཚམས་འཇོག་པ་ལྟ་བུ། དམངས་དོན་བཅའ་ཁྲིམས་ཀྱི་ཡུན་ཚད་ནི་དམངས་དོན་བཅའ་ཁྲིམས་མཇུག་འབྲས་ངེས་ཅན་དང་འབྲེལ་བ་ཡོད་ལ་དེ་ནི་དམངས་དོན་བཅའ་ཁྲིམས་འབྲེལ་བ་བྱུང་བ་དང་སྒྱུར་བ། མཇུག་སྒྲིལ་བ་བཅས་ཀྱི་གཞི་རྟེན་ས་ཡིན་པའི་དབང་གིས་ཡུན་ཚད་ནི་བཅའ་ཁྲིམས་དོན་དངོས་རིགས་ཤིག་ཡིན་ཞིང་སྤྱིར་བཏང་དུ་དོན་རྐྱེན་གྱི་ཁོངས་སུ་བཞག་ཡོད།
སྤྱི་ཚོགས་འཚོ་བའི་ནང་དུ་ཡུན་ཚད་ནི་དམངས་དོན་འཁོར་རྒྱུག་རྒྱུན་གཏན་ངང་སྤེལ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་དབང་གིས་དམངས་དོན་བྱེད་སྒོའི་ནང་དུ་དོན་སྙིང་གལ་ཆེན་ལྡན་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་སྤྱིའི་རྩ་དོན་གྱི་ལེའུ་བཅུ་པའི་ནང་དུ་ཡུན་ཚད་ལ་གཅིག་འགྱུར་གྱི་གཏན་འབེབས་བྱས་ཡོད་དེ་ཡུན་ཚད་ནི་སྤྱི་ལོའི་ལོ་ཟླ་ཉིན་གསུམ་དང་ཆུ་ཚོད་ཐོག་ནས་རྩི་བ་ཡིན། ལོ་ཟླ་ཉིན་གསུམ་གྱི་ཐོག་ནས་ཡུན་ཚད་རྩི་ཚེ། འགོ་ཚུགས་པའི་ཉི་མ་དེ་མི་རྩི་བར་ཉིན་གཉིས་པ་ནས་རྩི་འགོ་འཛུགས་དགོས།
ལོ་དང་ཟླ་བའི་ཐོག་ནས་ཡུན་ཚད་རྩི་ཚེ། ཡུན་ཚད་ལོངས་པའི་ཟླ་བའི་ཆ་བཞག་ཚེས་གྲངས་ནི་དུས་ཡུན་དེའི་ཉི་མ་མཐའ་མ་བ་ཡིན། ཆ་བཞག་ཚེས་གྲངས་མེད་ན་ཟླ་མཇུག་གི་ཚེས་གྲངས་དེ་ནི་ཡུན་ཚད་ཉིན་མཐའ་མ་བ་ཡིན། ཡུན་ཚད་ལོངས་པའི་ཉི་མ་མཐའ་མ་བ་དེ་ཁྲིམས་བཀོད་གུང་གསེང་ཉིན་མོ་ཡིན་ན། ཁྲིམས་བཀོད་གུང་གསེང་ཉིན་མོ་མཇུག་སྒྲིལ་བའི་ཕྱི་ཉིན་དེ་ཡུན་ཚད་ལོངས་པའི་ཉི་མ་མཐའ་མར་རྩི་དགོས། ཡུན་ཚད་ཀྱི་ཉི་མ་མཐའ་མ་བའི་མཚམས་འཇོག་དུས་ཚོད་ནི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཐོག་ཡིན་པ་དང་། ལས་སྒོའི་དུས་ཚོད་ཡོད་པ་ཡིན་ན། ལས་མཚམས་འཇོག་པའི་དུས་ཚོད་ནི་མཚམས་འཇོག་དུས་ཚོད་ཡིན།