དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • འཛམ་གླིང་ཡང་རྩེའི་མཐའ་མཚམས་སྲུང་མཁན“བུད་མེད་ཉེན་རྟོག་པ”

    —— རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི“གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”གིས་མི་དམངས་ལ་ཞབས་འདེགས་ཞུས་པའི་ཟུར་བཀོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-02

    འདི་ནི“གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”གི་བུད་མེད་ཉེན་རྟོག་པས་ལ་ཁའི་བགྲོད་ལམ་ལ་སྐོར་གཡེང་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་བུད་མེད་ཉེན་རྟོག་པ་ལི་ཆོན་ཞན་གྱིས(གཡས་ཀྱི་གཉིས་པ)སྐོར་གཡེང་བྱེད་སྐབས་རྐང་པའི་ཚིགས་འཆུས་པར་བུད་མེད་ཉེན་རྟོག་པ་ལུའོ་ཧྥ་ཡན(གཡས་ཀྱི་དང་པོ)གྱིས་ལི་ཆོན་ཞན་ལ་ན་ཟུག་འཇགས་ཐབས་བྱེད་བཞིན་པ།

    ཟླ་3ཚེས་4ཉིན། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི“གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”རུ་ཐོག་རྫོང་གི་ལོ་དགུའི་རྒྱུན་འཁྱོངས་ལམ་ལུགས་ཀྱི་སློབ་གྲྭར་བསྐྱོད་དེ། དུག་འགོག་དྲིལ་བསྒྲགས་བྱས་ཤིང་། བུད་མེད་ཉེན་རྟོག་པ་ཚོས་ངང་རྒྱུད་རིང་པོས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སློབ་མ་ཚོས་ནན་ཏན་ངང་ཉན་པ་རེད།

    རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་དེ་བོད་ཀྱི་ནུབ་བྱང་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཀྱི་སར་གནས་པ་དང་། དེའི་ས་ཁོངས་རྒྱ་ཆེ་ཞིང་ཐག་རིང་ལུང་ཁག་དང་སྡོད་གནས་ཁ་ཐོར་དབང་གིས་དམངས་ཚོགས་ཀྱིས་ཕྱི་ཕྱོགས་ཀྱི་ཆ་འཕྲིན་ཐོས་རྒྱུ་འགོར་ལ་འགོག་ཟོན་གྱི་འདུ་ཤེས་ཀྱང་ཞན་པོ་ཡོད།

    2023ལོའི་ཟླ་གསུམ་པར་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས“གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”བཙུགས་པ་དང་བུད་མེད་ཉེན་རྟོག་པ་4རང་འགུལ་རེ་འདུན་ཞུས་ནས་ས་ཁོངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་རྒྱུན་བསྐྱངས། ཁོང་ཚོས་ཕན་ཚུན་གཞོགས་འདེགས་བྱས་ནས་རྒྱུན་མཐུད“དམག་འཐབ”བྱེད་པ་དང་མགྱོགས་མྱུར་དང་ལས་ཕྱོད་ཆེན་པོས་སྡེ་ཁུལ་གྱི་ལས་དོན་སྒྲུབ་ཀྱི་ཡོད་པ་རེད། དཀའ་ངལ་ཡོད་པའི་རྒན་འཁོགས་ལ་ཞབས་འདེགས་ཞུ་བ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི། མི་དམངས་ཀྱི་རེ་འདུན་ཐག་གཅོད། མང་ཚོགས་ཀྱི་དགོས་མཁོ་ཡོད་སར་ཁོང་ཚོ་རྟག་ཏུ་སླེབས་པ་སོགས་བྱས་པས་རིམ་བཞིན་སྡེ་ཁུལ་མང་ཚོགས་ཀྱིས་ཁོང་ཚོར“ཁྱིམ་འཛིན་གཅེན་གཅུང”ཞེས་པའི་མིང་བཏགས།

    “གལ་སྲིད་བུན་གཡར་གྱི་རྩོད་གཞི་ཐོན་ཚེ་ཐག་གཅོད་གང་འདྲ་བྱེད་པ་དང་། གཉེན་སྒྲིག་ཁྲོད་བཟའ་ཟླས་བུ་ལོན་བཟོས་པ་བྱུང་ཚེ་དེ་འཇལ་བའི་འགན་འཁྲི་ཡོད་མེད། ཕྱིར་གླ་པ་རྒྱུག་མཁན་གྱི་ཁེ་དབང་སྲུང་སྐྱོང་ལ་ཁྲིམས་མཐུན་གྱི་བྱ་ཐབས་གང་འདྲ་ཡོད་དམ། གནད་དོན་དེ་རིགས་འཕྲད་སྐབས་ཐག་གཅོད་གང་འདྲ་བྱེད་དགོས་སམ། དེ་རིང་ང་ཚོས་ཡུལ་མི་རྣམས་ལ་དེའི་སྐོར་འགྲེལ་བཤད་རྒྱག་གི་ཡིན”ཞེས་ཟླ་3ཚེས་5ཉིན་རུ་ཐོག་རྫོང་རུ་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་ནང་བུད་མེད་ཉེན་རྟོག་པ་4ཡིས་ཡུལ་མིར་ངང་རྒྱུད་རིང་པོས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་འགྲེལ་རྒྱག་བཞིན་ཡོད་པ་དང་། ས་གནས་ས་ཐོག་གི་ཡུལ་མིས་རང་ཉིད་ལ་འཕྲད་པའི་དོགས་གནད་ཡང་སེ་མི་དམངས་ཉེན་རྟོག་པར་ཟམ་མི་ཆད་པར་འདྲི་བཞིན་ཡོད།

    “གངས་ལྗོངས་ཀྱི་མཐའ་མཚམས་ལ་བཅའ་ཁྲིམས་ཁྱབ་སྤེལ་གཏོང་བའི”བྱེད་སྒོ་སྤེལ་བ་ནས་བཟུང་། “གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”བཅའ་ཁྲིམས་སྒྲོག་འགྲེལ་བྱ་བར་ཧུག་ཐག་ཞུགས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་གྲོང་ཚོའི་ཚོགས་ཆུང་དང་། སྡེ་ཁུལ། སློབ་གྲྭ་བཅས་ལ་ཁྱབ་པར་བྱས་པ་མ་ཟད། དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་ས་གནས་ས་ཐོག་ལ་དོགས་གནད་བསལ་ཏེ་ཡུལ་མིར་གློག་འཕྲིན་ཁ་བསླུས་དང་། རྒྱལ་མཚམས་བསྒྲལ་ནས་བྲོས་བྱོལ། སྲོག་ཆགས་སྲུང་སྐྱོབ་དང་དུག་རྫས་ལྐོག་ཚོང་སོགས་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱེད་སྒོའི་གནོད་ཚབས་སྐོར་བརྗོད་ཅིང་། མིག་སྔའི་བར། “གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”གིས་ཁོངས་གཏོགས་ཁུལ་ལ་བཅའ་ཁྲིམས་སྒྲོག་འགྲེལ་ཐེངས་25བྱས་པར་མང་ཚོགས་མི་ཐེངས་6000ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། མང་ཚོགས་ལ་གྲོང་པ་ཁྱིམ་མཚེས་ཀྱི་རྩོད་གཞི་དང་དངུལ་བུན་གྱི་རྩོད་གཞི། གཉེན་སྒྲིག་ཁྱིམ་ཚང་གི་འགལ་བ་སོགས་སེམས་རྩ་འཁོལ་པོས་བསལ་ནས་མང་ཚོགས་མང་པོར་བཅའ་ཁྲིམས་ཀྱི་རོགས་རམ་བྱས་པ་རེད།

    “ཉེ་དུས་གནམ་གཤིས་གྲང་མོ་ཡོད་སྟབས། སློབ་མ་མང་པོ་ཞིག་གིས་རྒྱུན་དུ་ཆུ་གྲང་མོས་ཁ་ངོ་དང་ལག་པ་བཀྲུས་པར་ལག་ངོ་འཁྱགས་ཐེབས་ནས་དམར་པོར་གྱུར་པ་མཐོང་བས། སེམས་ཀྱིས་མ་བཟོད་སྟབས། ང་ཚོས་ཕྲུ་གུ་ཚོར་ས་མཐོར་འཚམ་པའི་ཤ་སོས་སྤྲད་ན་ཡག་པོ་འདུག”ཅེས་ཉེ་ཆར་བུད་མེད་ཉེན་རྟོག་པ་བློ་བཟང་ཆོས་སྒྲོན་གྱིས་མངགས་གཏོང་ཁང་གི་ཉིན་རེའི་འཆར་ཅན་གྱི་ཚོགས་འདུར་གྲོས་འགོ་དེ་ལྟར་བཏོན།

    དེ་ནི་བློ་བཟང་ཆོས་སྒྲོན་གྱིས་སློབ་གྲྭའི་བདེ་འཇགས་སྲུང་བའི་སྐོར་གཡེང་སྐབས་འཕྲལ་དུ་དྲན་པའི་བསམ་ཚུལ་ཞིག་རེད། ཁོང་གིས་བསམ་ཚུལ་དེ་བུད་མེད་ཉེན་རྟོག་པ་གཞན་ལ་གསལ་བཤད་བྱས་འཕྲལ་ཚང་མའི་རྒྱབ་སྐྱོར་ཐོབ་པ་དང་ཚང་མས་ཤ་སོས་བསྡུས་ཏེ་རིགས་ཕྱེ་ནས་སློབ་མ་སོ་སོར་སྤྲད་པ་རེད།

    ཟླ་3ཚེས་7ཉིན་ལས་གནས་སུ་ཞུགས་ནས་ཟླ་བ་གཅིག་ཙམ་ཡང་སོང་མེད་པའི་བུད་མེད་ཉེན་རྟོག་པ་ལི་ཆོན་ཞན་ལ་མི་ཚེའི་ཁྲོད་ཀྱི་སྐོར་གཡེང་གི་ལས་འགན་དང་པོ་སྟེ་མོ་རྡོ་བགྲོད་ལམ་ལ་སྐོར་གཡེང་ཞིབ་བཤེར་གྱི་ལས་འགན་དཀྲིས། རུ་ཁག་གི་མདུན་དུ་སྐྱོད་མཁན་ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་དམངས་ཉེན་རྟོག་པ་རྒན་གྲས་ལུའོ་ཧྥ་ཡན་ཡིན་པ་དང་། ཁོང་གིས་འགྲོ་ཞོར་དུ་བགྲོད་ལམ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་ཏེ་སྐོར་གཡེང་ཞིབ་བཤེར་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་ནན་བཤད་བྱས་པ་མ་ཟད། ཉེན་རྟོག་པ་གསར་པ་ལི་ཆོན་ཞན་གྱི་གནས་ཚུལ་ལ་དོ་ཁུར་ཡང་སེ་བྱས།

    “དཔུང་ཁག་གི་གོམ་བགྲོད་དལ་དུ་ཕྱིན་ནས་རུ་མིའི་དབར་ཕན་ཚུན་ལྟ་རྟོག་དང་རྐང་པ་འདྲེད་བརྡར་མི་ཤོར་བ་བྱེད་དགོས”ཞེས་ས་ཁད་མཐོ་རུ་འགྲོ་བ་དང་ལུས་ཤུགས་ཉམས་ཞན་དུ་འགྲོ་བའི་སྐབས་དང་བསྟུན་ཏེ་ལུའོ་ཧྥ་ཡན་གྱིས་ཕྱིར་ལྟ་ཡང་ཡང་བྱས་ནས་མངགས་བྱ་བྱེད་བཞིན་དུ་བཤད། སྐད་ཆ་དེ་བཤད་མ་ཐག་ལི་ཆོན་ཞན་གྱིས“རྐང་པ་ཨི་ཁུང་དུ་ཚུད་ནས་ཚིགས་འཆུས་སོང་”ཞེས་མི་བཟོད་པའི་ངང་བཤད། དེའི་སྐབས་གངས་བབས་མ་ཐག་ཡིན་པས་ཕྱིའི་དྲོད་ཚད་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཁ་ཤས་ཟིན་གྱི་ཡོད།

    “ཁྱོད་འགུལ་སྐྱོད་མ་བྱེད། ཙོག་བུར་སྡོད་དགོས་པ་ལས་གང་བྱུང་འཕུར་མཉེད་དང་སྦྱར་སྨན་བྱུག་མི་རུང་། དེ་ལྟར་བྱས་ཚེ་ན་ཟུག་ཆེ་རུ་འགྲོ་ངེས་ཡིན”ཞེས་ལུའོ་ཧྥ་ཡན་གྱིས་བཤད།

    ལུའོ་ཧྥ་ཡན་གྱིས་ལི་ཆོན་ཞན་གྱི་འགྲམ་དུ་བསྡད་དེ་ཁོང་གི་རྐང་སུག་འབུད་རོགས་བྱས་པ་དང་འཁྱགས་པ་བྱུགས་ནས་ཁྲག་རྩ་མི་ཁུམ་པ་དང་སྐྲང་སྦོས་ཞོམ་ཐབས་བྱས།

    “གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་རུ་ཁག”

    བཙུགས་ནས་ལོ་གཅིག་སོང་རིང་། ཁོང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱུགས་ལན་ཕུལ་ཞིང་། 2023ལོར“གངས་ལྗོངས་ཀྱི་བུད་མེད་ཉེན་རྟོག་པའི་རུ་ཁག”གནས་སའི་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་བོད་ཀྱི་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་མཚན་སྙན་སྤྲད་པ་མ་ཟད། གོས་དར་12ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།