ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་མངགས་གཏོང་ཁང་གིས།
ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་711ལེན་རོགས་བྱས་པ།
ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་གླེང་མང་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་མ་ཟད། ཉེ་ཆར་གླ་ཆ་འགྱངས་ཆད་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་ནས་ཞིང་པ་ལས་མི་600ལྷག་ཙམ་ལ་ཆད་པའི་གླ་ཆ་སྒོར་ཁྲི་711ལྷག་ཙམ་ལེན་རོགས་བྱས་པ་རེད།
ཟླ་2ཚེས་20ཉིན་བཅིངས་འགྲོལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་སྐབས་ཁོངས་གཏོགས་ཁུལ་གྱི་སྐྱེད་ཚལ་ཀུང་སིའི་ཞིང་པ་ཁག་གཅིག་གི་གླ་ཆ་ཆད་པ་ཤེས་རྟོགས་བྱུང་བ་རེད། གནས་ཚུལ་ཤེས་རྗེས། བཅིངས་འགྲོལ་མངགས་གཏོང་ཁང་གིས་འཕྲལ་དུ་ངལ་རྩོལ་རྩོད་གཞི་སྔོན་འགོག་གི་ཉེན་ཟོན་ཉེན་བརྡ་གཏོང་བའི་ཐག་གཅོད་ལམ་སྲོལ་ལག་ལེན་བསྟར་ནས་ད་ཐེངས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱས་པ་མ་ཟད། འཕྲལ་མར་འབྲེལ་ཡོད་མི་སྣ་བཙལ་ནས་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པ་དང་ལུགས་མཐུན་གྱི་ཐག་གཅོད་གྲོས་འགོ་བཏོན་ནས་འགལ་བ་དང་རྩོད་གཞི་མ་ཐོན་སྔོན་འགོག་བྱས་པ་རེད། འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ནང་། མི་དམངས་ཉེན་རྟོག་པས་ཕྱོགས་གཉིས་པོའི་སྐད་ཆ་ནན་ཏན་ངང་ཉན་པ་དང་ཆབས་ཅིག གནད་དོན་བྱུང་རྐྱེན་དང་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ཤེས་རྟོག་བྱས་པ་རེད། ཤེས་རྟོགས་རགས་ཙམ་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་གྲྭ་ནང་བཤུག་ཐེངས་མང་བཏང་བར་བརྟེན་ཀུང་སི་7དང་ཞིང་པ་ལས་མི་600ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། གླ་ཆ་སྒོར་ཁྲི་711ལྷག་ཙམ་ཆད་པ་རེད། དེར་བརྟེན་བཅིངས་འགྲོལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉིན་མཚན་བསྟུད་མར་ལས་དོན་བསྒྲུབས་པ་དང་མངགས་གཏོང་ཁང་གིས་སྣེ་ཁྲིད་པ་དང་ཁོངས་གཏོགས་སྤྱི་བདེ་ལས་ཁུངས་དང་། ཤང་། གྲོང་རྡལ། རྫོང་བཅས་རིམ་གསུམ་སྲིད་གཞུང་སྡེ་ཚན། ངལ་རྩོལ་ལྟ་ཞིབ་སྡེ་ཚན་སོགས་འགན་ནུས་སྒྲིག་གཞི་23གྱིས་གཞོགས་འདེགས་བྱས་པའི་འདུམ་འགྲིག་ཚོགས་ཆུང་གིས་རྩོད་གཞི་དང་འབྲེལ་བ་ཡོད་པའི་ཀུང་སིར་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་པ་རེད།
འདུམ་འགྲིག་ཚོགས་ཆུང་གིས་ཉིན་བཅུའི་ནང་སྔ་རྗེས་སུ་འདུམ་འགྲིག་ཐེངས་32བྱས་པ་བརྒྱུད། ཕྱོགས་ཁག་དབར་གྲོས་མཐུན་བྱུང་ནས་འགན་གཙང་ལེན་མཁན་ཚན་པ་གཙོ་བོ་དང་ཁག་བགོས་འགན་གཙང་ལེན་མཁན་ཕྱོགས་ཀྱིས་བསྡུར་གྲངས་ལྟར་པན་དང་ཚོགས་ཆུང་གི་ངལ་ནུས་གླ་ཆ་སྤྲོད་རྒྱུ་བྱས་པ་མ་ཟད། གྲོས་མཐུན་ལ་མིང་རྟགས་བཀོད་པས་ཞིང་པ་ལས་མི་600ལྷག་ཙམ་ལ་ཆད་པའི་གླ་ཆ་སྒོར་ཁྲི་711ལྷག་ཙམ་སྤྲོད་ཐུབ་པ་རེད།
འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་རྗེས། བཅིངས་འགྲོལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དོ་བདག་ལ་ཚུར་ལན་ལས་དོན་སྤེལ་བ་དང་ཆབས་ཅིག འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་པ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་པའི་དྲིལ་བསྒྲགས་ལས་དོན་གཞི་རིམ་གྱི་ཕྱོགས་གང་སར་ཁྱབ་པར་བྱས་པ་རེད།