དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
ལས་ཚབ་བྱ་ཡུལ་གྱི་མི་ཤི་རྗེས། མངག་བཅོལ་ལས་ཚབ་པས་སྤེལ་བའི་བྱ་སྤྱོད་ལ་ནུས་པ་ཡོད་དམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་དོན་གསུམ་པའི་གཏན་འབེབས་ལྟར་ན། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་མཇུག་སྒྲིལ་བ་ཡིན། (1)ལས་ཚབ་དུས་བཀག་ལོངས་པའམ་ལས་ཚབ་དོན་ཚན་བསྒྲུབས་ཟིན་པ། (2)ལས་ཚབ་བྱ་ཡུལ་གྱི་མིས་མངག་བཅོལ་ཕྱིར་འཐེན་བྱས་པའམ་ལས་ཚབ་པས་མངག་བཅོལ་དགོངས་ཞུ་བྱས་པ། (3)ལས་ཚབ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ། (4)ལས་ཚབ་པའམ་ལས་ཚབ་བྱ་ཡུལ་གྱི་མི་ཤི་བ། (5)ལས་ཚབ་པའམ་ལས་ཚབ་བྱ་ཡུལ་གྱི་མི་ཡིན་པའི་ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་མཇུག་སྒྲིལ་བ་བཅས་སོ། དེར་བརྟེན། ལས་ཚབ་བྱ་ཡུལ་གྱི་མི་ཤི་བ་ཡིན་ན། མངག་བཅོལ་ལས་ཚབ་མཇུག་སྒྲིལ་བ་ཡིན་པས་ལས་ཚབ་པས་སྔར་བཞིན་མངག་བཅོལ་ལས་ཚབ་ཀྱི་བྱ་སྤྱོད་སྤེལ་མི་རུང་།
ཡིན་ན་ཡང་། ལས་ཚབ་བྱ་ཡུལ་གྱི་མི་ཤི་རྗེས་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་པས་སྤེལ་བའི་ལས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན། (1)ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མི་ཤི་བ་ཤེས་མེད་ལ་ཤེས་ཀྱང་མི་སྲིད་པ། (2)ལས་ཚབ་བྱ་ཡུལ་གྱི་མིའི་ཤུལ་འཛིན་པའི་ཁས་ལེན་ཐོབ་ཡོད་པ། (3)དབང་བསྐུར་ཡི་གེའི་ནང་དུ་ལས་ཚབ་དོན་ཚན་བསྒྲུབས་ཟིན་རྗེས་ལས་ཚབ་བྱེད་དབང་མཇུག་སྒྲིལ་བ་གསལ་པོར་བཀོད་ཡོད་པ། (4)ལས་ཚབ་བྱ་ཡུལ་གྱི་མི་མ་ཤི་གོང་ལས་ཚབ་བྱ་སྤྱོད་སྤེལ་ཟིན་པ་དང་། ལས་ཚབ་བྱ་ཡུལ་གྱི་མིའི་ཤུལ་འཛིན་པའི་ཁེ་ཕན་གྱི་ཆེད་དུ་མུ་མཐུད་ལས་ཚབ་བྱེད་པ་བཅས་ཡིན།
དམངས་དོན་འགན་འཁྲི་འཁུར་བའི་རྣམ་པ་གང་དང་གང་ཡིན།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་དོན་དགུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་འགན་འཁྲི་འཁུར་སྟངས་ལ་གཙོ་བོ་གཤམ་གསལ་གྱི་རིགས་བཅུ་གཅིག་ཡོད་དེ། (1)གནོད་རྐྱེན་བཟོ་མཚམས་འཇོག་པ། (2)འགོག་རྐྱེན་སེལ་བ། (3)ཉེན་ཁ་སེལ་བ། (4)རྒྱུ་ནོར་ཕྱིར་སློག་པ། (5)མ་གཞིའི་རྣམ་པ་སླར་གསོ་བྱེད་པ། (6)ཞིག་གསོ་དང་། བསྐྱར་བཟོ། བརྗེ་པོ་བཅས་བྱེད་པ། (7)མུ་མཐུད་དུ་སྒྲུབ་པ། (8)གྱོང་གུན་སྐྱིན་གསབ་བྱེད་པ། (9)ཆིངས་འགལ་དངུལ་ཆད་སྤྲོད་པ། (10)གནོད་པ་སེལ་བ་དང་མིང་གྲགས་སླར་གསོ་བྱེད་པ། (11)དགོངས་དག་ཞུ་བ་བཅས་སོ།
གཞན་ཡང་། ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་འཇལ་དགོས་པར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། གོང་གི་དམངས་དོན་འགན་འཁྲི་འཁུར་སྟངས་དག་ཁེར་རྐྱང་དུ་སྤྱད་འཐུས་པ་དང་། མཉམ་སྦྲགས་སུ་སྤྱད་ཀྱང་འཐུས།
དམངས་དོན་འགན་འཁྲི་འཁུར་མི་དགོས་པའི་གནས་ཚུལ་གང་དང་གང་ཡོད།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་བརྒྱད་ཅུ་པ་དང་། དོན་ཚན་བརྒྱ་དང་གྱ་གཅིག་པ། དོན་ཚན་བརྒྱ་དང་གྱ་གཉིས་པ། དོན་ཚན་བརྒྱ་དང་གྱ་བཞི་པ་བཅས་ཀྱི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། དམངས་དོན་འགན་འཁྲི་འཁུར་མི་དགོས་ཏེ།
(1)འགོག་ཐབས་བྲལ་བའི་ཤུགས་རྐྱེན་གྱི་དབང་གིས་དམངས་དོན་འོས་འགན་སྒྲུབ་མི་ཐུབ་པ་ཡིན་ན། དམངས་དོན་འགན་འཁྲི་འཁུར་མི་དགོས། འགོག་ཐབས་བྲལ་བའི་ཤུགས་རྐྱེན་ཞེས་པ་ནི་སྔོན་དཔག་བྱེད་མི་ཐུབ་ལ་གཡོལ་ཐབས་མེད་པ་མ་ཟད་ཁྱད་གསོད་ཀྱང་བྱེད་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་ཟེར། འོན་ཏེ་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། འགོག་ཐབས་བྲལ་བའི་ཤུགས་རྐྱེན་དེ་འགན་འཁྲི་འཁུར་མི་དགོས་པའི་རྒྱུ་མཚན་དུ་བྱས་མི་ཆོག དཔེར་ན། དང་པོ། 《སྦྲག་སྲིད་བཅའ་ཁྲིམས》ཀྱི་ནང་གཏན་འབེབས་བྱས་པ་ལྟར་ན། རིན་གོང་འགན་ལེན་བྱས་པའི་བསྐུར་དངོས་དེར་འགོག་ཐབས་བྲལ་བའི་ཤུགས་རྐྱེན་གྱི་དབང་གིས་གྱོང་གུན་བཟོས་པ་ཡིན་ན། སྦྲག་སྲིད་ཁེ་ལས་ཀྱིས་སྐྱིན་གསབ་འཇལ་བའི་འགན་འཁྲི་ཁུར་དགོས། ལུགས་མཐུན་འགོག་སྲུང་བྱས་ནས་བཟོས་པའི་གནོད་རྐྱེན་ཡིན་ན། དམངས་དོན་འགན་འཁྲི་འཁུར་མི་དགོས། གཉིས་པ། ནོར་འཛོལ་མེད་པའི་འགན་འཁྲིའི་རྩ་དོན་དང་དྲང་གཞག་གི་འགན་འཁྲིའི་རྩ་དོན་ལ་འཚམ་པའི་དབང་གནོད་བྱ་སྤྱོད་ནང་དུ་བཅའ་ཁྲིམས་ཀྱིས་འགོག་ཐབས་བྲལ་བའི་ཤུགས་རྐྱེན་དེ་འགན་འཁྲི་འཁུར་མི་དགོས་པའི་རྒྱུ་མཚན་དུ་ངོས་འཛིན་བྱེད་དགོས་པ་གཏན་འབེབས་གསལ་པོ་བྱས་ཡོད་པ་མ་གཏོགས། དབང་གནོད་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་ཁུར་དགོས།
(2)ལུགས་མཐུན་འགོག་སྲུང་བྱས་ནས་བཟོས་པའི་གནོད་རྐྱེན་ཡིན་ན། དམངས་དོན་འགན་འཁྲི་འཁུར་མི་དགོས། ལུགས་མཐུན་འགོག་སྲུང་དེ་དག་འབུད་བྱེད་པའི་རྒྱུ་མཚན་ཞིག་ཡིན་པའི་ཆ་ནས་བཤད་ན། རང་ཉིད་དམ་མི་གཞན་གྱི་ཁྲིམས་མཐུན་ཁེ་ཕན་ལ་དངོས་ཡོད་ཀྱི་ཁྲིམས་འགལ་གནོད་འཚེ་མི་ཕོག་པའི་ཆེད་དུ་ལག་བསྟར་བྱེད་པའི་འགོག་སྲུང་བྱ་ཐབས་ཤིག་ཡིན། ལུགས་མཐུན་འགོག་སྲུང་དོན་དངོས་ཐོག་བཅའ་ཁྲིམས་ཀྱིས་རང་བྱུང་མིར་སྤྲད་པའི་ལུགས་མཐུན་ཁེ་ཕན་སྲུང་སྐྱོབ་བྱེད་དབང་ཞིག་ཡིན་པ་དང་། ངོ་བོའི་ཐོག་ནས་བཤད་ན་རང་ཤུགས་སྐྱོར་གསོ་ཞིག་ཡིན། ལུགས་མཐུན་འགོག་སྲུང་དེ་དག་འབུད་བྱེད་པའི་རྒྱུ་མཚན་དུ་བྱེད་པར་གཤམ་གསལ་ཆ་རྐྱེན་འཛོམས་དགོས་ཏེ། དང་པོ། ལུགས་མཐུན་འགོག་སྲུང་དེ་ངེས་པར་དུ་དངོས་ཡོད་དང་བྱུང་བཞིན་པའི་གནོད་རྐྱེན་བཟོ་བའི་བྱ་སྤྱོད་སྔོན་འགྲོར་བྱེད་དགོས་པ། གཉིས་པ། ལུགས་མཐུན་འགོག་སྲུང་དེ་ངེས་པར་དུ་ཁྲིམས་འགལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་ལ་དམིགས་ནས་ལག་བསྟར་བྱེད་པ་ཡིན་དགོས་པ། གསུམ་པ། ལུགས་མཐུན་འགོག་སྲུང་དེ་ངེས་པར་དུ་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོབ་བྱེད་པ་དམིགས་ཡུལ་དུ་འཛིན་དགོས་པ། བཞི་པ། ལུགས་མཐུན་འགོག་སྲུང་དེ་ངེས་པར་དུ་ཚད་དང་མཐུན་པ་ཡིན་དགོས་པ། ལུགས་མཐུན་འགོག་སྲུང་དེ་དགོས་ངེས་ཀྱི་ཚད་ལས་བརྒལ་བ་ཡིན་ན། དམངས་དོན་འགན་འཁྲི་འོས་འཚམ་ཁུར་དགོས།
(3)འཕྲལ་མར་ཉེན་གཡོལ་བྱས་ནས་བཟོས་པའི་གནོད་རྐྱེན་ཡིན་ན། ཉེན་ཁའི་གནས་ཚུལ་སློང་མཁན་གྱིས་དམངས་དོན་འགན་འཁྲི་ཁུར་དགོས། འཕྲལ་མར་ཉེན་གཡོལ་དེ་དག་འབུད་བྱེད་པའི་རྒྱུ་མཚན་བྱེད་པའི་ངོས་ནས་བཤད་ན། དེ་ནི་སྤྱི་པའི་ཁེ་ཕན་དང་རང་ཉིད་དམ་མི་གཞན་གྱི་ཁྲིམས་མཐུན་ཁེ་ཕན་ལ་དངོས་ཡོད་དང་འཕྲལ་མའི་ཉེན་ཁ་མི་འཕོག་པའི་ཆེད་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་སྤེལ་བའི་མི་གཞན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡིན། འཕྲལ་མར་ཉེན་གཡོལ་དེ་འགན་འཁྲི་འཁུར་མི་དགོས་པའི་རྒྱུ་མཚན་བྱེད་དགོས་ན། གཤམ་གསལ་ཆ་རྐྱེན་འཛོམས་དགོས་ཏེ། དང་པོ། ངེས་པར་དུ་ཁྲིམས་མཐུན་ཁེ་ཕན་ལ་གནོད་རྐྱེན་བཟོས་པའི་འཕྲལ་མའི་ཉེན་ཁ་ཡོད་དགོས་པ། གཉིས་པ། ངེས་པར་དུ་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་སྤེལ་བའི་ཉེན་གཡོལ་བྱ་སྤྱོད་ཡིན་དགོས་པ། གསུམ་པ། འཕྲལ་མར་ཉེན་གཡོལ་གྱི་བྱ་སྤྱོད་དེ་ཉེར་མཁོའི་ཚད་ལས་བརྒལ་མི་རུང་བ་སྟེ་ཉེན་གཡོལ་བྱ་སྤྱོད་ལས་བྱུང་བའི་གནོད་རྐྱེན་དེ་གཡོལ་བའི་གནོད་རྐྱེན་ལས་ཚབས་ཆུང་ཡིན་དགོས་པའོ།
(4)རང་མོས་ཀྱིས་མྱུར་སྐྱོབ་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་མྱུར་སྐྱོབ་བྱ་ཡུལ་གྱི་མི་ལ་གནོད་རྐྱེན་བཟོས་པ་ཡིན་ན། མྱུར་སྐྱོབ་བྱེད་མིས་དམངས་དོན་འགན་འཁྲི་འཁུར་མི་དགོས།
ཅི་ཞིག་ལ་གཏུག་བཤེར་ནུས་ཡུན་ཟེར།
གཏུག་བཤེར་ནུས་ཡུན་ཞེས་པ་ནི་དམངས་དོན་ཁེ་དབང་ལ་གནོད་འཚེ་ཕོག་པའི་ཁེ་དབང་བདག་པོས་ཁྲིམས་བཀོད་ཀྱི་ནུས་ཡུན་ནང་ཁེ་དབང་མ་སྤྱོད་པ་ཡིན་ན། ནུས་ཡུན་འཐིམ་རྗེས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་ལས་རིམ་ལྟར་བཙན་ཤེད་ཀྱིས་འོས་འགན་སྒྲུབ་མིར་འོས་འགན་སྒྲུབ་ཏུ་འཇུག་པའི་རེ་འདུན་ཞུ་དབང་ཤོར་བའི་བཅའ་ཁྲིམས་ལམ་ལུགས་ལ་ཟེར། གཏུག་བཤེར་ནུས་ཡུན་ནི་ཁེ་དབང་བདག་པོས་རེ་འདུན་ཞུ་དབང་སྤྱད་ནས་མི་དམངས་ཁྲིམས་ཁང་གིས་ཁོའི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་བཀོད་དུས་མཚམས་ཡིན། དེར་གོ་དོན་གཉིས་འདུས་ཡོད་དེ། གཅིག་ནི་ཁེ་དབང་བདག་པོར་དུས་མཚམས་འདིའི་ནང་གཏུག་བཤེར་ལས་རིམ་ལྟར་མི་དམངས་ཁྲིམས་ཁང་ལ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་འདུན་ཞུ་དབང་ཡོད། གཉིས་ནི་ཁེ་དབང་འདི་དུས་མཚམས་འདིའི་ནང་དུ་མུ་མཐུད་བེད་སྤྱོད་མི་བྱེད་པ་ཡིན་ན་གྱོད་ཁ་ཐོབ་དབང་ཤོར་བ་ཡིན།
སྤྱིར་བཏང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་དམངས་དོན་ཁྲིམས་གཞུང་གིས་གཅིག་འགྱུར་གཏན་འབེབས་བྱས་ཤིང་བཅའ་ཁྲིམས་ཀྱིས་དམིགས་བསལ་གྱི་གཏུག་བཤེར་ནུས་ཡུན་ཡུན་ཚད་གཏན་འབེབས་བྱས་མེད་པའི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་སྣ་ཚོགས་དང་ཡོངས་ཁྱབ་ཏུ་སྤྱད་འཐུས་པའི་ནུས་ཡུན་གྱི་ཡུན་ཚད་ལ་ཟེར་ཞིང་། དམིགས་བསལ་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད། དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་ཚང་མ་སྤྱིར་བཏང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་སྤྱད་འཐུས། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་གྱ་བརྒྱད་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། སྤྱིར་བཏང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ལོ་གསུམ་ཡིན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ཁེ་དབང་བདག་པོས་ཁེ་དབང་ལ་གནོད་རྐྱེན་ཕོག་པ་ཤེས་པའམ་ཤེས་དགོས་པ་དང་། དེ་བཞིན་འོས་འགན་འཁུར་མི་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས།
གཞན་ཡང་། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། ཡིན་ན་ཡང་། ཁེ་དབང་ལ་གནོད་རྐྱེན་ཕོག་ཉིན་ནས་ལོ་ཉི་ཤུ་ལས་བརྒལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་དང་། དམིགས་བསལ་གྱི་གནས་ཚུལ་ཡོད་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་བདག་པོའི་རེ་ཞུ་ལྟར་ཕྱི་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཆོག