དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས།

    གན་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

     གསར་འགོད་པར་ཤེས་རྟོཌ་བྱུང་བར། ཉེ་ཆར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཆེད་མི་མངགས་ཏེ། ཁྲེང་ཏུའུ་དང་ལྷ་ས་སོགས་ས་གནས་སུ་བསྐྱོད་ནས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

    2023ལོའི་ཟླ་10པའི་ཚེས་21ཉིན། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཁྲེན་ཆེ་གེ་མོས་གྱོད་དོན་སྙན་གསེང་ཞུས་པ་སྟེ། ང་རང་གཞན་གྱི་མགོ་སྐོར་འོག་ཚུད་ནས་ཁྱོན་དངུལ་སྒོར་ཁྲི་50ལྷག་ཙམ་ཁ་བསླུས་ཐེབས་སོང་ཞེས་བརྗོད། གྱོད་དོན་སྙན་གསེང་འབྱོར་རྗེས། རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གྱོད་དོན་དེར་མཐོང་ཧ་ཅང་ཆེན་པོ་བྱས་ནས་འཕྲལ་དུ་རྐང་འཛིན་མི་དམངས་ཉེན་རྟོག་པ་གྱོད་དོན་སྒྲུབ་པར་མངགས་པ་རེད། དུས་འགོའི་མྱུལ་ཞིབ་ཀྱི་ལས་དོན་ནང་མི་དམངས་ཉེན་རྟོག་པས་ལས་ཀ་ཕོན་ཆེན་བྱས་པ་བརྒྱུད། གན་རྒྱའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་ཝེ་ཆེ་གེ་མོ་ལག་ཏུ་ཐེབས། འོན་ཀྱང་ཉེས་གསོག་དོགས་ཅན་དེས་གན་རྒྱའི་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ལ་ཁས་ལེན་གཏན་ནས་བྱས་མེད། དེ་རྗེས་གྱོད་དོན་དེ་རྩད་གཅོད་མཐའ་གསལ་ཡོང་ཆེད་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ཁྲེང་ཏུའུ་དང་ལྷ་ས་སོགས་སུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་དང་འདྲི་རྩད་ཀྱི་ལས་དོན་རྒྱ་ཁྱབ་སྤེལ་བ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བསྡུ་རུབ་བྱས་པའི་དཔང་རྟགས་མང་པོ་དང་དོན་དངོས་ཀྱི་མདུན་དུ། མཐར་ཉེས་གསོག་དོགས་ཅན་ཝེ་ཆེ་གེ་མོ་རང་ཉིད་ཀྱིས་བསགས་པའི་ནག་ཉེས་ལ་ཁས་མ་ལེན་རང་ལེན་བྱུང་ཞིང་། སྐབས་དེར་གྱོད་དོན་དེ་བདེ་བླག་ངང་རྩད་ཆོད་ཐུབ་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་ཝེ་ཆེ་གེ་མོར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཟིན་ཞིང་། གྱོད་དོན་དེ་རྩད་གཅོད་མཐའ་གསལ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།