དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྤེན་ཆེ་གེ་མོས་སྒོར་ཁྲི་900ལྷག་ཙམ་ཁ་བསླུས་བརྒྱབ་པས་ཚེ་བཙོན་གྱི་ཉེས་ཆད་ཕོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-19

    2021ལོའི་ཟླ་11ཚེས་24ཉིན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་གྱོད་དོན་སྙན་སེང་ཞིག་འབྱོར་དོན། “ཉིང་ཁྲིའི་སྨྱན་སྦྱོར་ཚད་ཡོད་ཀུང་སི་ཞིག་གི་ཁྲིམས་གཏན་འཁེལ་བའི་འཐུས་མི་སྤེན་ཆེ་གེ་མོས་གན་རྒྱའི་ཁ་ཆད་དུས་ཚོད་ནང་ཁ་ཆད་ལག་བསྟར་མ་བྱས་པར། རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་གཡོལ་ཐབས་བྱས་ཏེ་རང་ཉིད་ཀྱི་དབྱར་རྩྭ་དགུན་འབུའི་དངུལ་སྒོར་ཁྲི་120ལྷག་ཙམ་ཁ་བསླུས་བརྒྱབ་སོང”ཞེས་བཤད། ཁུངས་སྣེ་བདག་སྤྲོད་བྱས་རྗེས་གནོད་འཚེ་ཕོག་མཁན་10སྔ་རྗེས་སུ་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ཏུ་གྱོད་དོན་སྙན་སེང་ཞུ་བར་ཡོང་ནས་སྤེན་ཆེ་གེ་མོ་དང་རང་ཉིད་དབར་དབྱར་རྩྭ་དགུན་འབུ་དང་དེ་བཞིན་རླངས་འཁོར་སོགས་དང་འབྲེལ་བ་ཡོད་པའི་ཉོ་ཚོང་གན་རྒྱ་བཞག་ཀྱང་ཁ་ཆད་ལག་བསྟར་བྱས་མ་བྱུང་ཞེས་བཤད།

    གྱོད་གཞི་བདག་སྤྲོད་བྱས་རྗེས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་འཇོན་ཐང་ཆེ་བའི་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གྱོད་གཞིའི་ཁུངས་སྣེ་གྲལ་བཤེར་བྱས། ལྷ་ས་དང་། སྤོ་བོ། སྣང་རྫོང་སོགས་ནས་དཔང་རྟགས་འབོར་ཆེན་འཚོལ་ཞིབ་བྱས་པས། ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོས་རང་ཉིད་ལ་གན་རྒྱའི་ཁ་ཆད་ལག་བསྟར་བྱེད་ནུས་མེད་པ་ཤེས་བཞིན་དུ་མི་སྒེར་གྱི་བུ་ལོན་སྤྲོད་པ་དང་རྒྱས་སྤྲོས་བྱ་ཆེད་གཞན་དངུལ་ཁ་བསླུས་བརྒྱབ་པ་མ་ཟད། ནག་ཉེས་གཞན་གྱིས་མ་ཤེས་པ་བྱ་ཆེད་མཁོ་མེད་དངུལ་འཛིན་སྤྱོད་པ་དང་། དངུལ་ཁང་ནས་དངུལ་འཐེན་པའི་ཆ་འཕྲིན་རྫུན་མ་བཟོ་བ། དངུལ་ཁང་གི་དངུལ་སྒྱུར་རྩིས་ཐོ་རྫུན་མ་སྤྱོད་པ། རྫུན་བཟོ་བྱས་པའི་བདག་དབང་གཏའ་མར་འཇོག་པ། ཀུང་སིའི་གཞུང་ཐེལ་བརླག་པ་སོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་23གྱི་ས་ནས་མི་དམངས་ཤོག་སྒོར་ཁྲི་900ལྷག་ཙམ་ཁ་བསླུས་བརྒྱབ་པ་ཤེས་རྟོགས་བྱུང་བ་རེད། 2021ལོའི་ཟླ་12པའི་ཚེས་14ཉིན། གྲོང་ཁྱེར་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཁོ་པ་འབོད་འགུག་བྱས་པ་མ་ཟད། ཕྱི་ཉིན་ཁྲིམས་ལྟར་ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།

    དཔང་རྟགས་ཁུངས་བཙན་མདུན་དུ་ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོས་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ཁས་མ་བླངས་ཀ་མེད་བྱུང་བ་རེད།

    གྱོད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2022ལོའི་ཟླ་12ཚེས་13ཉིན་ཉེས་དོན་ཁྲིམས་གཅོད་བྱས་པ་སྟེ། སྤེན་ཆེ་གེ་མོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་པ་མ་ཟད། དངུལ་ཆད་སྒོར་ཁྲི་50བཅད་པ་རེད། སྤེན་ཆེ་གེ་མོས་ཁྲིམས་གཅོད་འདིར་མི་འདོད་པར་གོང་གཏུག་བྱས། 2023ལོའི་ཟླ་4ཚེས་26ཉིན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐོག་མའི་དཔྱད་མཚམས་ཕྱིར་འཐེན་བྱས་ནས་བསྐྱར་དུ་འདྲི་གཅོད་བྱ་རྒྱུར་ཕྱིར་སློག་བྱས། 2024ལོའི་ཟླ་1ཚེས་3ཉིན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཐའ་མའི་འདྲི་གཅོད་དཔྱད་མཚམས་བྱས་ནས་ཐོག་མའི་དཔྱད་མཚམས་སོར་འཇོག་བྱས་པ་དང་། སྤེན་ཆེ་གེ་མོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་པ་མ་ཟད། དངུལ་ཆད་སྒོར་ཁྲི་50ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།