ས་སྐྱ་རྫོང་ཁྲིམས་ཁང་གིས་གྱོད་གཞི་ཞིག་ལ་དོ་བདག་ཞུགས་མེད་ཀྱང་ཁྲིམས་ཐག་བཅད་པ།
གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། ས་སྐྱ་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་དམངས་ཁྲོད་ཀྱི་དངུལ་བུན་གཡར་བའི་གྱོད་གཞི་ཞིག་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཞུ་སྦྱོར་ཕྱི་མ་གར་སོང་ཆ་མེད་དུ་གྱུར་པའི་རྐྱེན་གྱིས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲིམས་ར་འཚོགས་པའི་འགུག་ཡིག་བཏང་ནས་འབོད་འགུག་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཁྲིམས་རར་ཞུགས་མེད་པས་ཁྲིམས་ཁང་གིས་ཁྲིམས་ལྟར་གྱོད་གཞི་དེར་ཞུ་སྦྱོར་ཕྱི་མ་ཞུགས་མེད་ཀྱང་ཁྲིམས་ཐག་བཅད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོ་གཉིས་གྲོང་ཚོ་གཅིག་ནས་ཡིན་པ་དང་། 2016ལོའི་ཟླ་5ཚེས་4ཉིན་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་ལས་གྲྭའི་རྒྱུ་ཆ་ཉོ་དགོས་ལུགས་རྒྱུ་མཚན་དུ་བྱས་ནས་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོའི་ས་ནས་དངུལ་བུན་སྒོར་ཁྲི་13གཡར་ཏེ། ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་2016ལོའི་ཟླ་6ཚེས་20ཉིན་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོར་གཡར་བའི་དངུལ་བུན་སྤྲོད་རྒྱུའི་ཁ་ཆད་བྱས། དེ་དང་ཆབས་ཅིག 2016ལོའི་ཟླ་7ཚེས་30ཉིན་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་རང་གིས་འགན་གཙང་བླངས་པའི་ལས་གྲྭའི་ཡོང་འབབ་ནས་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོར་སྒོར་ཁྲི་15ཡི་ཐོབ་ཆ་སྤྲོད་རྒྱུའི་ཁ་ཆད་ཀྱང་བྱས། 2017ལོའི་ཟླ་11ཚེས་20ཉིན་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོའི་དབར་ཁ་གསབ་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོའི་ས་ནས་སླར་ཡང་དངུལ་བུན་སྒོར་ཁྲི་6.5གཡར་བ་དང་། ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་སྔ་རྗེས་སུ་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོའི་ས་ནས་ཁྱོན་སྒོར་ཁྲི་19.5གཡར་ཡོད། ཕྱིས་སུ་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོར་སྒོར་ཁྲི་9སྤྲད་པ་ལས་དེ་བྱིངས་ཀྱི་སྒོར་ཁྲི་10.5ད་བར་སྤྲད་མེད།
ས་སྐྱ་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་སྦྱོར་སྔ་མས་འདོན་སྤྲོད་བྱས་པའི་དཔང་རྟགས་ཆ་ཚང་གོ་ཆོད་པས་ཞུ་སྦྱོར་ཕྱི་མས་དངུལ་འགྱངས་ཆད་བྱས་པ་ར་སྤྲོད་ཐུབ་པ་དང་། ཕྱོགས་གཉིས་ཀའི་དངུལ་བུན་གཏོང་ལེན་གྱི་གན་རྒྱའི་འབྲེལ་བ་གྲུབ་ཅིང་ཁྲིམས་ཀྱི་ནུས་པ་ཡང་ཐོན་གྱི་ཡོད་པས་ཕྱོགས་གཉིས་པོའི་དོ་བདག་གིས་རང་ཉིད་ཀྱི་འོས་འགན་སྒྲུབ་དགོས། དེར་བརྟེན་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མའི་འདུན་ཞུར་རྒྱབ་སྐྱོར་བྱས་ཏེ། མཐར་བཅད་ཁྲར་ནུས་པ་ཐོན་རྗེས་ཞུ་སྦྱོར་ཕྱི་མ་བསོད་ཆེ་གེ་མོས་ཉིན་ཉི་ཤུའི་ནང་ཞུ་སྦྱོར་སྔ་མ་ཕུར་ཆེ་གེ་མོར་སྒོར་ཁྲི་10.5སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད།