སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ།
གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྲོང་ཚོར་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བཞིན་པ།
གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི“བུད་མེད་སྒྲོག་འགྲེལ་ཚོགས་པས”སློབ་གྲྭར་སྒྲོག་འགྲེལ་བྱེད་བཞིན་པ།
གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སློབ་གྲྭར་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་བྱེད་བཞིན་པ།
གདོང་དཀར་ཁྲོམ་གཞུང་མངཌ་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སློབ་མ་བུ་མོ་ཚོར་ཁྲིམས་སྐྱོང་འཆད་ཁྲིད་བྱེད་བཞིན་པ།
གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཙོ་གནད་དོ་ཁུར་བྱ་ཡུལ་བུད་མེད་ལ་འཚམས་འདྲི་བྱེད་བཞིན་པ།
མང་ཚོགས་ཀྱིས་མངཌ་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཕུལ་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ
ཉེ་བའི་ལོ་ཤས་རིང་། གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་དང་གྱོད་གཞི་རྩད་གཅོད་ཀྱི་ལས་དོན་བསྒྲུབས་པ་མ་ཟད། ད་དུང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལ་རྒྱུན་མཐུད་དོ་ཁུར་བྱས་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ཡོད།
2023ལོར། སྟོད་ལུང་བདེ་ཆེན་ཆུས་ལུང་ཅེ་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་ཁེ་དབང་སྲུང་སྐྱོང་ས་ཚིགས་སུ་ཁེ་དབང་སྲུང་སྐྱོང་གི་གྱོད་གཞི་ཞིག་འབྱོར་བ་སྟེ། དགའ་རོགས་བསྒྲིགས་ནས་ལོ་10ལྷག་ཙམ་སོང་བའི་ཕོ་མོ་གཉིས་ལ་བུ་མོ(གཉེན་སྒྲིག་མ་བྱས་པར་བྱུང་བ)ཞིག་སྐྱེས་པ་དང་། སྐྱེས་པ་དེས་བུད་མེད་དེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁུལ་ཆུང་ཞིག་ནས་ཁང་པ་ཉོས་མོད། འོན་ཀྱང་ཕོ་མོ་དེ་གཉིས་ཁ་རྩོད་ཤོར་བའི་རྐྱེན་གྱིས་སྐྱེས་པ་དེས་མ་སྨད་གཉིས་ཁང་པ་ནས་ཕྱིར་ཕུད་བྱས། གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་ཁེ་དབང་སྲུང་སྐྱོང་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མཐུན་སྦྱོར་ཧུར་ཐག་དང་རྒྱུན་མཐུད་རྗེས་སྙེག་བྱས་ནས་མ་སྨད་དེ་གཉིས་ཀྱི་འཚོ་བར་རོགས་རམ་བྱེད་གང་ཐུབ་བྱས་པ་མ་ཟད། སེམས་གསོ་གང་མང་བཏང་བ་རེད། མཐར་ཁྲིམས་ཁང་གིས་ཁང་པ་དེ་བུད་མེད་དེར་སྤྲོད་རྒྱུའི་ཐག་བཅད་པས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།
འདི་ལྟ་བུའི་དཔེ་མཚོན་ནི་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གིས་མང་ཚོགས་སེམས་ལ་བཅངས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་ཧུར་ཐག་སྤེལ་བའི་ཆ་ཤས་ཤིག་རེད། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་ལ་ཁྱིམ་ཚང་གཏུམ་སྤྱོད་རིགས་ཀྱི་ཉེན་དོན་སྙན་སེང་ཁྱོན་673འབྱོར་བ་དང་། མངགས་གཏོང་ཁང་གིས《ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བསླབ་འདོམས་ཡི་གེ》ཁྱོན་589བཀྲམ་པར། བཀྲམ་ཚད་87.6%ཟིན་ཡོད།
གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རྒྱ་ཆེའི་བུད་མེད་དང་བྱིས་པར་བསམ་བློའི་ཐོག་ནས་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་འཇགས་པར་ཁྲིད་སྟོན་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོལ་འགྲེལ་ཐེངས་75དང་སློབ་གྲྭར་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་ཐེངས་52བྱས་པ་དང་། “ཁྱིམ་ཚང་གི་གཏུམ་སྤྱོད་མེད་པའི་ཁུལ་ཆུང”5འཛུགས་པ། དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པའི་ཁྱིམ་ཚང་17ལ་དོ་ཁུར། མི་ཐེངས་150ལྷག་ཙམ་ལ་བསམ་བློའི་ཁྲིད་སྟོན་བཅས་བྱས་ཡོད་ཅིང་། བུད་མེད་ཉེན་རྟོག་པ་12ལས་གྲུབ་པའི“བུད་མེད་སྒྲོག་འགྲེལ་ཚོགས་པ”ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་། ཁུལ་ཆུང་། སྡེ་ཁུལ་སོགས་ཚན་པར་ཐེངས་མང་མངགས་ནས། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སེམས་ཁམས་བདེ་ཐང་ཤེས་བྱའི་འཆད་ཁྲིད་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། “གསུམ་བརྒྱད”བུད་མེད་དུས་ཆེན་དང་། “རྩ་ཁྲིམས་ཉིན་མོ” “རྒྱལ་ཁབ་ཀྱི་བདེ་འཇགས་ཉིན་མོ”སོགས་སུ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཡོད། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གདན་ཞུས་ལྟར། “བུད་མེད་སྒྲོག་འགྲེལ་ཚོགས་པ”ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་ཏུ་ཐེངས་མང་བསྐྱོད་དེ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང”གི་བཅའ་ཁྲིམས་སྒྲོག་འགྲེལ་བྱས་ཤིང་། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་དང་། ལྷག་པར་དུ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དྲོ་སྐྱིད་ཚོར་བ་རེད།
ད་ཆ་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་ནི་མི་དམངས་ཉེན་རྟོག་པ་170ལས་གྲུབ་པའི་ཚོགས་པ་སྟོབས་ཆེན་ཞིག་རེད། ཁོངས་གཏོགས་ཁུལ་དུ་ཡོད་པའི་ཉེན་རྟོག་ལས་སྒྲུབ་ས་ཚིགས་2དང་ཉེན་རྟོག་ལས་སྒྲུབ་ཁང་9ཡིས་ཁོངས་གཏོགས་ཁུལ་གྱི་ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི་1.31དང་ཕྱོགས་མི་ཁྲི་7.6ཙམ་ལ་དོ་དམ་ཞབས་ཞུའི་ལས་དོན་སྒྲུབ་བཞིན་ཡོད། 2023ལོའི་ཟླ་བཅུ་པར། གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་ལ“ཐེངས་བརྒྱད་པའི་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་མ་ཟད། ཀྲུང་གོ་རྒྱལ་ཡོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་མིང་འདོན་བྱས་ནས་གཟེངས་བསྟོད་ཀྱང་བྱས་ཡོད་པ་རེད།