དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
89ཅི་ཞིག་ལ་བསྐྱར་མའི་ལས་ཚབ་ཟེར། བསྐྱར་མའི་ལས་ཚབ་ལ་ཁྱད་ཆོས་གང་དང་གང་ལྡན་ཡོད།
བསྐྱར་མའི་ལས་ཚབ་ལ་ལས་ཚབ་མངག་བཅོལ་སྐོར་སྒྱུར་ཡང་ཟེར་ཞིང་། ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་ཁེ་ཕན་གྱི་ཆེད་དུ་རང་ཉིད་ལ་དབང་བའི་ལས་ཚབ་བྱེད་དབང་དེ་མི་གཞན་པར་སྐོར་སྒྱུར་བྱེད་པ་ལས་བྱུང་བའི་ལས་ཚབ་ལ་ཟེར། བསྐྱར་མའི་ལས་ཚབ་པ་ནི་ལས་ཚབ་བྱ་ཡུལ་གྱི་མིའི་ལས་ཚབ་པ་ཡིན་པ་དང་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་བཅའ་ཁྲིམས་བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་དེའི་བཅའ་ཁྲིམས་མཇུག་འབྲས་ནི་ཐོག་མའི་ལས་ཚབ་པ་བརྒྱུད་མི་དགོས་པར་ཐད་ཀར་ལས་ཚབ་བྱ་ཡུལ་གྱི་མིར་གཏོགས་པ། བསྐྱར་མའི་ལས་ཚབ་བྱུང་རྗེས། བསྐྱར་མའི་ལས་ཚབ་པས་ཐོག་མའི་ལས་ཚབ་པའི་ཚབ་མི་བྱེད་པ་དང་། ཐོག་མའི་ལས་ཚབ་པའི་གོ་གནས་ལ་འགྱུར་ལྡོག་མེད་པར་བསྐྱར་མའི་ལས་ཚབ་པས་ཁོའི་འགན་འཁྲི་ཆ་ཚང་ངམ་ཆ་ཤས་འཁུར་རོགས་བྱེད་པ་ཙམ་ཡིན། བསྐྱར་མའི་ལས་ཚབ་པའི་ལས་ཚབ་དབང་མཚམས་ཐོག་མའི་ལས་ཚབ་པའི་ལས་ཚབ་དབང་མཚམས་ལས་ཆུང་ཙམ་མམ་འདྲ་མཚུངས་ཡིན་དགོས་པ་ལས་བརྒལ་མི་རུང་།
བསྐྱར་མའི་ལས་ཚབ་ལ་གཤམ་གསལ་ཁྱད་ཆོས་ལྡན་ཡོད་དེ།
(1)བསྐྱར་མའི་ལས་ཚབ་པ་ནི་ལས་ཚབ་པའི་དབང་མཚམས་ལག་བསྟར་བྱེད་པའི་མི་ཡིན་པ་དང་དེའི་དབང་མཚམས་ནི་ཐོག་མའི་ལས་ཚབ་པའི་དབང་མཚམས་ཀྱིས་མཚམས་ཚད་བྱེད་དགོས།
(2)ལས་ཚབ་པས་རང་ཉིད་ཀྱི་མིང་ཐོག་ནས་ཕུང་གསུམ་པ་བསྐྱར་མའི་ལས་ཚབ་པར་བདམས་ཤིང་བསྐོ་གཞག་བྱེད་པ་དང་བསྐྱར་མའི་ལས་ཚབ་པར་ལྟ་སྐུལ་བྱེད་དབང་དང་བསྐོ་བཞག་ཕྱིར་འཐེན་བྱེད་དབང་། བཀའ་ཕབ་དབང་བཅས་ཡོད་པ། (3)བསྐྱར་མའི་ལས་ཚབ་པ་ནི་ལས་ཚབ་བྱ་ཡུལ་གྱི་མིའི་ལས་ཚབ་པ་ཡིན་པ་ལས་ཐོག་མའི་ལས་ཚབ་པའི་ལས་ཚབ་པ་མིན། དེའི་བྱ་སྤྱོད་ལས་བྱུང་བའི་བཅའ་ཁྲིམས་མཇུག་འབྲས་ནི་ཐད་ཀར་ལས་ཚབ་བྱ་ཡུལ་གྱི་མིས་འཁུར་དགོས།
(4)བསྐྱར་མའི་ལས་ཚབ་པ་བསྐོ་བཞག་བྱེད་པར་ལས་ཚབ་བྱ་ཡུལ་གྱི་མིའི་ཁས་ལེན་ནམ་རྗེས་བྱུང་ཁས་ལེན་བྱེད་དགོས། ལས་ཚབ་ཀྱི་མངག་བཅོལ་སྐོར་སྒྱུར་བྱེད་རྒྱུ་དེ་ལས་ཚབ་བྱ་ཡུལ་གྱི་མིས་ཁས་ལེན་མ་བྱས་པའམ་རྗེས་བྱུང་ཁས་ལེན་མ་བྱས་པ་ཡིན་ན། ལས་ཚབ་པས་མངག་བཅོལ་སྐོར་སྒྱུར་བྱ་ཡུལ་ཕུང་གསུམ་པའི་བྱ་སྤྱོད་ལ་འགན་འཁྲི་འཁུར་དགོས། ཡིན་ན་ཡང་ཛ་དྲག་གི་གནས་ཚུལ་འོག་ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་མིའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད་ཕུང་གསུམ་པར་ལས་ཚབ་མངག་བཅོལ་སྐོར་སྒྱུར་བྱེད་པ་འདིའི་ཁོངས་སུ་ཚུད་མེད།
90ཅི་ཞིག་ལ་དབང་མེད་ལས་ཚབ་ཟེར། དབང་མེད་ལས་ཚབ་ལ་ཁྱད་ཆོས་གང་དང་གང་ལྡན་ཡོད།
དབང་མེད་ལས་ཚབ་ཅེས་པ་ནི་བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་མེད་པ་དང་ལས་ཚབ་བྱེད་དབང་ལས་བརྒལ་བའམ་ལས་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་སྔར་བཞིན་མི་གཞན་གྱི་མིང་ཐོག་ནས་ལས་ཚབ་བྱ་སྤྱོད་སྤེལ་བར་ཟེར། དབང་མེད་ལས་ཚབ་ལ་གཤམ་གསལ་ཁྱད་ཆོས་ལྡན་ཡོད།
(1)བྱ་སྤྱོད་སྤེལ་མིས་མི་གཞན་གྱི་མིང་ཐོག་ནས་ཕུང་གསུམ་པ་དང་དམངས་དོན་བྱ་སྤྱོད་སྤེལ་བ་ཡིན་དགོས་ཏེ་འདོད་བློ་སྟོན་པ་གྲུབ་ཆར་བྱེད་པའི་བྱ་སྤྱོད་ཡིན་དགོས། གལ་སྲིད་བྱ་སྤྱོད་སྤེལ་མིས་མི་གཞན་གྱི་དོན་དག་དོ་དམ་བྱེད་པའི་དོན་དངོས་བྱ་སྤྱོད་སྤེལ་བ་ཡིན་ན་རྐྱེན་མེད་དོ་དམ་དུ་གྲུབ་པ་ཡིན།
(2)བྱ་སྤྱོད་སྤེལ་མིར་ལས་ཚབ་བྱེད་དབང་མེད་པ། གཅིག་ནི་ལས་ཚབ་བྱེད་དབང་མེད་པ་སྟེ་རྩ་བ་ནས་དབང་བསྐུར་མེད་པའམ་དབང་བསྐུར་ཡང་ནུས་པ་མེད་པ། གཉིས་ནི་ལས་ཚབ་བྱེད་དབང་ལས་བརྒལ་བ་སྟེ་ལས་ཚབ་པས་ལས་ཚབ་བྱེད་དབང་ལག་བསྟར་བརྒྱུད་རིམ་དུ་ཐོག་མའི་དབང་བསྐུར་མཚམས་ཚད་ལས་བརྒལ་བ། གསུམ་ནི་ལས་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་སྔར་བཞིན་ལས་ཚབ་བྱ་སྤྱོད་སྤེལ་བ་སྟེ་ཐོག་མའི་ལས་ཚབ་བྱེད་དབང་དེ་བཅའ་ཁྲིམས་དོན་དངོས་ངེས་ཅན་ཞིག་ཐོན་པའི་རྐྱེན་གྱིས་རྩ་མེད་དུ་གྱུར་ཡང་བྱ་སྤྱོད་སྤེལ་མིས་སྔར་བཞིན་ཐོག་མའི་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་ལས་ཚབ་བྱ་སྤྱོད་སྤེལ་བ་བཅས་ཡིན།
(3)བལྟོས་བཅས་མིས་བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེད་བྱེད་པའི་ཕྱི་རོལ་ཡུལ་གྱི་རྒྱུ་མཚན་མེད། བལྟོས་བཅས་མིས་བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེད་བྱེད་པའི་ཕྱི་རོལ་ཡུལ་གྱི་རྒྱུ་མཚན་ཡོད་པ་ཡིན་ན། མངོན་མཚོན་ལས་ཚབ་ཏུ་གྲུབ་ཐུབ།
(4)དབང་མེད་ལས་ཚབ་ནི་ནུས་པ་ངེས་གཏན་མིན་པའི་དམངས་དོན་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ་ལས་ཚབ་བྱ་ཡུལ་གྱི་མིས་རྗེས་བྱུང་ཁས་ལེན་བྱས་པ་བརྒྱུད་དབང་ཡོད་ལས་ཚབ་ཏུ་གྱུར་ནས་ནུས་པ་ལྡན་པ་དང་། ལས་ཚབ་བྱ་ཡུལ་གྱི་མིས་ཁས་ལེན་མི་བྱས་པའི་དབང་གིས་ནུས་པ་མི་འཐོན་པ་ཡིན་པ་དང་དེ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་བྱ་སྤྱོད་སྤེལ་མིས་འཁུར་དགོས།
91དབང་མེད་ལས་ཚབ་ལ་རིགས་གང་དང་གང་ཡོད།
དབང་མེད་ལས་ཚབ་ལ་གཤམ་གསལ་རིགས་དབྱེ་གསུམ་ཡོད་དེ།
(1)དབང་བསྐུར་མེད་པའི་དབང་མེད་ལས་ཚབ། དེར་དབང་བསྐུར་མངག་བཅོལ་མ་བྱེད་པར་མི་གཞན་གྱི་མིང་ཐོག་ནས་སྤེལ་བའི་དམངས་དོན་བྱེད་སྒོ་དང་ཁྲིམས་བཀོད་ལས་ཚབ་པ་ཕུད་པའི་མིས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱེད་མིའི་མིང་ཐོག་ནས་བྱེད་སྒོ་སྤེལ་བ་བཅས་ཚུད་ཡོད། ལག་ལེན་ཁྲོད། རྒྱུན་དུ་མཐོང་ཐུབ་པའི་ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ་ཧམ་སྤྱོད་བྱེད་པ་དང་ཡི་གེ་བྲིས་མེད་པའི་གན་རྒྱ་བེད་སྤྱད་ནས་གན་རྒྱ་འཇོག་པ་ལྟ་བུ།
(2)ལས་ཚབ་བྱེད་དབང་གི་དབང་མཚམས་ལས་བརྒལ་བའི་དབང་མེད་ལས་ཚབ། ལས་ཚབ་བྱ་ཡུལ་གྱི་མིས་དབང་བསྐུར་ཡོད་ཀྱང་། ལས་ཚབ་པས་སྤེལ་བའི་ལས་ཚབ་བྱ་སྤྱོད་ནི་དབང་མཚམས་ལས་བརྒལ་བ་ཡིན་ན། དབང་མཚམས་ལས་བརྒལ་བའི་བྱ་སྤྱོད་དག་ནི་དབང་མེད་ལས་ཚབ་ཡིན། གལ་སྲིད་ལས་ཚབ་དབང་མཚམས་སྤྱི་བསྒྲགས་བྱས་མེད་པ་དང་ཕུང་གསུམ་པས་མི་ཤེས་པ་ཡིན་ན། མངོན་མཚོན་ལས་ཚབ་ཏུ་གྲུབ་པ་ཡིན་པས་དབང་ལྡན་ལས་ཚབ་ཀྱི་བཅའ་ཁྲིམས་མཇུག་འབྲས་བྱུང་ཐུབ།
(3)ལས་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་ཀྱི་དབང་མེད་ལས་ཚབ། འདིར་བྱེ་བྲག་ཏུ་གཤམ་གསལ་གནས་ཚུལ་གཉིས་ཚུད་ཡོད་དེ། གཅིག་ནི་ལས་ཚབ་པས་རང་ཉིད་ཀྱི་ལས་ཚབ་བྱེད་དབང་རྩ་མེད་དུ་གྱུར་བ་མ་ཤེས་པར་སྔར་བཞིན་དུ་ལས་ཚབ་བྱེད་སྒོ་སྤེལ་བ་ཡིན་པ། གནས་ཚུལ་འདི་རིགས་ཀྱི་ལས་ཚབ་པ་ནི་སེམས་བཟང་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་དང་དེ་ལས་བྱུང་བའི་བཅའ་ཁྲིམས་མཇུག་འབྲས་དེ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ལས་ཚབ་བྱ་ཡུལ་གྱི་མིས་འཁུར་དགོས་པའམ་ལས་ཚབ་པས་འཁུར་དགོས་པ་གཏན་འཁེལ་བྱེད་དགོས། གཉིས་ནི་ལས་ཚབ་པས་ལས་ཚབ་བྱེད་དབང་མཇུག་སྒྲིལ་བ་ཤེས་བཞིན་དུ་སྔར་བཞིན་ལས་ཚབ་བྱེད་སྒོ་སྤེལ་བ། གནས་ཚུལ་འདི་རིགས་ཀྱི་ལས་ཚབ་པ་ནི་སེམས་ངན་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས་དབང་མེད་ལས་ཚབ་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཀྱིས་ཐག་གཅོད་བྱེད་དགོས།
92ཅི་ཞིག་ལ་མངོན་མཚོན་ལས་ཚབ་ཟེར། མངོན་མཚོན་ལས་ཚབ་གྲུབ་པར་ཆ་རྐྱེན་གང་ཞིག་འཛོམས་དགོས།
མངོན་མཚོན་ལས་ཚབ་ཅེས་པ་ནི་སེམས་བཟང་བལྟོས་བཅས་མིས་ལས་ཚབ་བྱ་ཡུལ་གྱི་མིའི་བྱ་སྤྱོད་གཞིར་བཞག་དབང་མེད་ལས་ཚབ་པར་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེས་བྱེད་ཅིང་ཡིད་ཆེས་དེ་ལ་བརྟེན་ནས་དབང་མེད་ལས་ཚབ་པ་དང་ཉོ་འཚོང་གི་བྱ་སྤྱོད་སྤེལ་ནས་དེ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ལས་ཚབ་བྱ་ཡུལ་གྱི་མིས་འཁུར་དགོས་པའི་ལས་ཚབ་ལ་ཟེར། མངོན་མཚོན་ལས་ཚབ་ཀྱིས་ཕུང་གསུམ་པ་དང་ལས་ཚབ་བྱ་ཡུལ་གྱི་མིའི་དབར་དབང་ལྡན་ལས་ཚབ་ཀྱི་བཅའ་ཁྲིམས་མཇུག་འབྲས་བྱུང་ཐུབ་པ་བྱས་ཡོད། བལྟོས་བཅས་མིར་ལས་ཚབ་བྱ་ཡུལ་གྱི་མིས་ལས་ཚབ་བྱ་སྤྱོད་ལས་བྱུང་བའི་ཁེ་དབང་དང་འོས་འགན་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད། ལས་ཚབ་བྱ་ཡུལ་གྱི་མིས་མངོན་མཚོན་ལས་ཚབ་པའི་བྱ་སྤྱོད་ནི་དབང་མེད་ལས་ཚབ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སེམས་བཟང་བལྟོས་བཅས་མིར་དགག་རྩོད་བྱེད་མི་རུང་།
མངོན་མཚོན་ལས་ཚབ་གྲུབ་པར་གཤམ་གསལ་ཆ་རྐྱེན་འཛོམས་དགོས་ཏེ།
(1)དབང་མེད་ལས་ཚབ་པར་ལས་ཚབ་བྱ་ཡུལ་གྱི་མི་རང་ཉིད་ཀྱི་དབང་བསྐུར་གསལ་པོ་ཐོབ་མེད། སྤྱིར་བཏང་ནས་བཤད་ན། དབང་མེད་ལས་ཚབ་ནི་བྱ་སྤྱོད་སྤེལ་མིས་ལས་ཚབ་བྱེད་དབང་མེད་པ་དང་ལས་ཚབ་བྱེད་དབང་ལས་བརྒལ་བའམ་ལས་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་སྔར་བཞིན་ལས་ཚབ་བྱ་སྤྱོད་སྤེལ་བ་ལས་བྱུང་བ་ཡིན། སྐབས་རེར་ལས་ཚབ་བྱ་ཡུལ་གྱི་མིས་དབང་བསྐུར་གསལ་པོ་བྱས་མེད་པའི་དབང་གིས་དབང་མེད་ལས་ཚབ་ཀྱི་མཇུག་འབྲས་བྱུང་བའང་ཡོད།
(2)ཕྱི་རོལ་ཡུལ་གྱི་ངོས་ནས་བལྟས་ན་བལྟོས་བཅས་མིས་བྱ་སྤྱོད་སྤེལ་མི་ལ་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེས་བྱེད་པའི་ལུགས་མཐུན་རྒྱུ་མཚན་ཡོད་པ། དཔེར་ན། དབང་མེད་ལས་ཚབ་པ་ནི་ལས་ཚབ་བྱ་ཡུལ་གྱི་མི་རང་ཉིད་ཀྱི་མཐོ་རིམ་དོ་དམ་མི་སྣ་ཡིན་པ་དང་། དབང་མེད་ལས་ཚབ་པར་ལས་ཚབ་ལག་ཁྱེར་རམ་བསྐོ་གཞག་ཡི་གེ་ཡོད་པ་སོགས་ལྟ་བུ།
(3)བལྟོས་བཅས་མི་རང་ངོས་ནས་བཤད་ན་སེམས་བཟང་དང་ནོར་འཛོལ་མིན་པ་ཡིན་དགོས། དབང་མེད་ལས་ཚབ་པར་ལས་ཚབ་བྱེད་དབང་མེད་པ་བལྟོས་བཅས་མིས་མི་ཤེས་པ་མ་ཟད། མི་ཤེས་པ་དེ་ཡང་སྣང་མེད་དུ་བཞག་པའམ་ལྷོད་གཡེང་བཏང་བའི་རྐྱེན་གྱིས་བྱུང་བ་མིན་པ་དང་། བལྟོས་བཅས་མིར་ནོར་འཛོལ་མེད་པ། བལྟོས་བཅས་མི་སེམས་བཟང་དང་ནོར་འཛོལ་ཡིན་མིན་ངོས་འཛིན་བྱེད་པར་བཅའ་ཁྲིམས་བྱ་སྤྱོད་ཀྱི་འབྱུང་རྐྱེན་དང་ཆ་རྐྱེན། ཁོར་ཡུག་གི་རྒྱུ་རྐྱེན། བྱ་སྤྱོད་སྤེལ་མིའི་ལས་རིགས་ཁྱད་ཆོས། སྣང་ཚུལ་རྫུན་མ་འགབ་ཚད་དང་སྤྱིར་བཏང་གི་མིས་སྣང་ཚུལ་རྫུན་མར་ངོས་འཛིན་བྱེད་ཚད་བཅས་རྒྱུ་རྐྱེན་ཚང་མར་ཕྱོགས་ཡོངས་ནས་བསམ་གཞིགས་བྱེད་དགོས།
(4)དབང་མེད་ལས་ཚབ་བྱ་སྤྱོད་བྱུང་བ་དེ་ལས་ཚབ་བྱ་ཡུལ་གྱི་མི་རང་ཉིད་དང་འབྲེལ་བ་ཡོད་པ། དབང་མེད་ལས་ཚབ་ཀྱི་བྱ་སྤྱོད་དེའི་བྱུང་བ་དང་ལས་ཚབ་བྱ་ཡུལ་གྱི་མི་རང་ཉིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་སྟེ། དཔེར་ན་དབང་མེད་ལས་ཚབ་པས་རང་དགར་ལས་ཚབ་བྱ་ཡུལ་གྱི་མིའི་ཐེལ་ཙེ་བརྐོས་པ་དང་ལས་ཚབ་བྱ་ཡུལ་གྱི་མིའི་ལས་གཉེར་ལག་ཁྱེར་རྫུན་བཟོ་བྱས་པའམ་ལས་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་གན་རྒྱའི་ཡི་གེར་མིང་རྟགས་བཀོད་ཅིང་མི་གཞན་དང་ཉོ་འཚོང་བྱས་པ་ཡིན་ན། ལས་ཚབ་བྱ་ཡུལ་གྱི་མི་ལ་ནོར་འཛོལ་གང་ཡང་མེད་པ་མ་ཟད། དབང་མེད་ལས་ཚབ་བྱ་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་ཡིན་པས་ལས་ཚབ་བྱ་ཡུལ་གྱི་མིར་ཉོ་འཚོང་འདི་རིགས་ལས་བྱུང་བའི་འགན་འཁྲི་ཁུར་དུ་བཅུག་ན་དྲང་གཞག་ཤོར་བ་རེད།