དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • “ཁང་གཉིས་དང་པུའུ་གཅིག”གིས་མཉམ་དུ་ཡིག་ཆ་བཀྲམ་ནས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་གྱི་གནད་དོན་འགའ་ཞིག་སྐོར་གྱི་མཛུབ་ཁྲིད་བསམ་འཆར་མཉམ་དུ་བཀྲམ་ནས། སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་ཆད་པ་ནན་པོ་དང་ལྕི་པོ་གཅོད་པ་དང་ཐག་གཅོད་གུ་ཡངས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས་པའི་བླང་བྱ་བཏོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་གསོག་དེ་མགོ་སྐོར་གཡོ་ལེན་གྱི་ཉེས་མིང་དང་། ཐོབ་ཆ་གཡོ་ལེན་བྱས་པ་གཡོ་འགེབས་དང་སྦས་སྐུང་གི་ཉེས་མིང་། རྒྱུ་ནོར་གཡོ་ལེན་གྱི་ཉེས་མིང་སོགས་རྒྱུན་མཐོང་གི་ཉེས་མིང་མང་པོ་དང་འབྲེལ་བ་ཡོད། ཉེས་གསོག་བྱེད་པོ་གཙོ་བོ་ནི་འགན་བཅོལ་ནང་ཞུགས་མཁན་དང་། དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་དེའི་ལས་དོན་པ་སོགས་ཡིན། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2021ལོ་ནས་2023ལོ་བར་རྒྱལ་ཡོངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་འདྲི་ཞིབ་མཇུག་འགྲིལ་བའི་སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་གྱོད་གཞི་ཁྱོན་བསྡོམས་1213ཡོད་ཅིང་། དེའི་ནང་2021ལོར་འདྲི་ཞིབ་མཇུག་འགྲིལ་བའི་གྱོད་གཞི་306དང་། 2022ལོར་འདྲི་ཞིབ་མཇུག་འགྲིལ་བའི་གྱོད་གཞི་407 2023ལོར་འདྲི་ཞིབ་མཇུག་འགྲིལ་བའི་གྱོད་གཞི་500བཅས་ཟིན་པས། གྱོད་གཞིའི་གྲངས་འབོར་ལོ་རེ་བཞིན་འཕར་བ་མ་ཟད། འཕར་ཚད་ཅུང་མཐོ་ཙམ་ཡོད།

    “མཛུབ་ཁྲིད་བསམ་འཆར་ནང་སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་མིང་གཏན་འཁེལ་གྱིས་ཆད་གཅོད་དང་། བཅའ་ཁྲིམས་འོས་སྤྱོད། སྲིད་ཇུས་སྟངས་འཛིན་སོགས་ཀྱི་གནད་དོན་སྔར་བས་གཏན་འབེབས་གསལ་པོ་བཟོས་ནས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཞི་འཛིན་ས་གསལ་པོར་བཏོན་ཡོད”ཅེས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གསུམ་པའི་ཁྲིམས་སའི་འགོ་དཔོན་ཁྲེན་ཧུང་ཞང་གིས་བརྗོད་པ་དང་། ཁོང་གིས། མཛུབ་ཁྲིད་བསམ་འཆར་ནང་དེ་དང་དུས་མཚུངས་སུ་གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དང་རང་ཉེས་དང་ཆད་གཅོད་ངོས་ལེན་ཞུས་ན་གུ་ཡངས་གཏོང་བའི་ལམ་ལུགས་ལག་ལེན་བསྟར་ནས། ཉེས་འགན་ཆད་གསུམ་མཐུན་པར་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཡག་ཤོས་ཐོན་པའི་འགན་ལེན་བྱས་ཡོད་ཅེས་བརྗོད།

    དཔེ་དྲངས་ནས་བཤད་ན། མཛུབ་ཁྲིད་བསམ་འཆར་ནང་བཏོན་དོན། དམིགས་བཙུགས་སྨན་བཅོས་སྒྲིག་གཞིས(སྨན་བཅོས་སྒྲིག་གཞི་དང་སྨན་རྫས་གཉེར་སྐྱོང་ཚན་པ)སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཕྱི་ཚུལ་ཙམ་གྱིས་ལག་ལེན་བསྟར་བ་དང་། སྨན་རིན་གཡོ་ལེན་བྱེད་པ། དུས་བཅད་བཟོས་ནས་སྨན་ཁང་དུ་ཞག་སྡོད། ནད་ཁྲི་བཟུང་ནས་ཞག་སྡོད། དེ་བཞིན་གྲོན་དངུལ་བསྐྱར་བསྡུ་དང་། ཚན་གཞི་ལས་བརྒལ་ནས་གྲོན་བསྡུ། རྣམ་གྲངས་ཁག་བགོས་ནས་གྲོན་བསྡུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནས་གཏོང་བ་བཅས་ཀྱི་བྱ་སྤྱོད་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བཅས་བྱེད་མཁན་ལ་ཉེས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་གཞིགས་ནས་ཉེས་མིང་གཏན་འཁེལ་གྱིས་ཆད་པ་གཅོད་རྒྱུ་མ་ཟད། ཉེས་པ་གཞན་དག་བསགས་རིགས་ལ་ཆད་པ་ནན་ཙམ་གཅོད་པའི་གཏན་འབེབས་གཞིར་བཟུང་ཉེས་མིང་གཏན་འཁེལ་གྱིས་ཆད་པ་གཅོད་རྒྱུ་རེད།

    མཛུབ་ཁྲིད་བསམ་འཆར་ནང་གསལ་པོར་བཏོན་དོན། སྨན་བཅོས་འགན་བཅོལ་གྱི་དངུལ་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ། རྒྱབ་ཕྱོགས་ཀྱི་སྒྲིག་འཛུགས་བྱེད་མཁན་དང་རྐང་བཙུགས་ནས་འགན་བཅོལ་གཡོ་ལེན་བྱེད་མཁན་སོགས་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་བ་དང་། བཙོག་དངུལ་སློག་པ་དང་ནག་ཉེས་ངོས་ལེན་ཞུ་མཁན་སོགས་གུ་ཡངས་གཏོང་དགོས་རིགས་ལ་གུ་ཡངས་ཚད་རན་པོ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།